ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཉེ་ཆར་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ནགས་ལས་དང་རྩྭ་ཐང་ཅུས་ནས་ཤེས་གསལ་བྱུང་བ་ལྟར་ན། ད་ལོར་མཚོ་བྱང་ཁུལ་གྱིས་རིགས་སོ་སོའི་ནགས་རྩྭའི་རྣམ་གྲངས་ཀྱི་སྤྱིའི་དངུལ་གཏོང་སྒོར་དུང་ཕྱུར3.6དོན་འཁྱོལ་བྱས་པ་དང་། སྣ་སོ་སོའི་འཛུགས་སྐྲུན་ལས་འགན་གྱི་སྐུལ་འདེད་གོ་རིམ་དེ་སྤྱིའི་དམིགས་འབེན་བླང་བྱར་སླེབས། མཚོ་བྱང་ཁུལ་གྱི“བྱང་གསུམ”བཟོ་སྐྲུན་དང་གཙོ་གནད་རྣམ་གྲངས་ལ་བརྟན་པོའི་ངང་སྐུལ་འདེད་བཏང་བ་དང་། ཕན་འབྲས་མངོན་གསལ་ཡིན།
མཚོ་བྱང་ཁུལ་གྱིས་བྱེ་མ་འགོག་བཅོས་དང་སྐྱེ་ཁམས་སླར་གསོ་དཀྱིལ་སྙིང་དུ་བྱས་ཏེ། རིགས་སོ་སོའི“བྱང་གསུམ”སོགས་གཙོ་གནད་སྐྱེ་ཁམས་སླར་གསོའི་བཟོ་སྐྲུན་རྣམ་གྲངས་གོ་རིམ་ལྡན་པའི་ངང་ལག་བསྟར་བྱེད་པར་སྐུལ་འདེད་བཏང་། རིམ་པ་སོ་སོའི་ནགས་རྩྭའི་སྡེ་ཁག་གིས་མ་དངུལ་ལག་བསྟར་དང་། ལས་འགན་ལེགས་འགྲུབ་གཉིས་ཀྱི་དམིགས་འབེན་དང་དམ་དུ་འབྲེལ་ཏེ། 2024ལོའི་རྣམ་གྲངས་ཚང་མ་འཛུགས་སྐྲུན་ལེགས་འགྲུབ་བྱས་པ་དང་། མ་དངུལ་གཏོང་སྤྲོད84%ཡན་ལ་སླེབས། 2025ལོའི་ཀྲུང་དབྱང་སྔོན་རྩིས་ནང་གི་དངུལ་གཏོང་གི་རྣམ་གྲངས་གཉིས་ཀྱི་གཙོ་གནད་བཟོ་སྐྲུན་ལེགས་འགྲུབ་ཀྱིས་སྤྱིའི་བཟོ་སྐྲུན་ལས་འགན་གྱི90%ཡན་ལེགས་འགྲུབ་བྱས་ཟིན་ལ། མ་དངུལ་གཏོང་སྤྲོད་ཚད་40%ཡན་ལ་སླེབས། གཙོ་གནད་རྣམ་གྲངས་ཁྲོད། མཚོ་སྔོན་པོའི་བཞུར་ཁོངས་ཀྱི་ཆུ་འདུས་དང་ཆུའི་སྐྱེ་ཁམས་ཕྱོགས་བསྡུས་བཅོས་སྐྱོང་རྣམ་གྲངས་དང་། ཙོང་ཆུའི་བཞུར་ཁོངས་ཀྱི་ཆུ་ཁུངས་འདུས་ཚད་དང་སྐྱེ་ཁམས་སྲུང་སྐྱོང་ཞིག་གསོའི་རྣམ་གྲངས་ཀྲུང་དབྱང་དང་། ཞིང་ཆེན་རིམ་པ། རྫོང་རིམ་པའི་སྡེབ་སྒྲིག་མ་དངུལ་ཚང་མ་ཐོན་ཡོད་ཅིང་། “ཀྲུང་དབྱང་གིས་སྣེ་ཁྲིད་དང་། ཞིང་ཆེན་རིམ་པས་གཅིག་འདོམས། ས་གནས་ཀྱིས་མཐུན་སྦྱོར”བཅས་ཀྱི་མ་དངུལ་འགན་སྲུང་རྣམ་པ་གྲུབ་ནས། རྣམ་གྲངས་རྗེས་མའི་དུས་སྐབས་ཀྱི་ཕན་འབྲས་ལ་ཁག་ཐེག་བྱས་ཤིང་། ཁུལ་དང་རྫོང་རིམ་པ་གཉིས་ཀྱི་ནོར་སྲིད་མ་དངུལ་བརྩོན་ལེན་བྱས་ཏེ། རྩྭ་ཐང་སླར་གསོ་རྗེས་ཀྱི་བདག་དམ་མ་དངུལ་ཚང་མ་སྡེ་ཁག་གི་སྔོན་རྩིས་ནང་འཇོག་རྒྱུ་རེད།
“བྱང་གསུམ”བཟོ་སྐྲུན་མཁྲེགས་གཏོར་བྱས་པའི་རིང་ལ། མཚོ་བྱང་ཁུལ་གྱིས་འབད་པ་ལྷོད་མེད་དང་། དུས་ཡུན་རིང་བོར་བྱས་རྗེས་འཇོག་པ་རྒྱུན་འཁྱོངས་བྱས་ཏེ། “བྱང་གསུམ”སོགས་གཙོ་གནད་སྐྱེ་ཁམས་བཟོ་སྐྲུན་འཛུགས་སྐྲུན་ཐད་དུས་རིམ་རང་བཞིན་གྱི་ཕན་འབྲས་ལེན་པར་སྐུལ་འདེད་བཏང་། ཁྱོན་མ་དངུལ་སྒོར་དུང་ཕྱུར3.5བཏང་ནས། བཟོ་སྐྲུན་བྱེ་མ་གཏན་འཇགས་སྤྱི་ཆིང1586.67ལེགས་འགྲུབ་བྱས་པ་དང་། ཞན་འགྱུར་ནགས་སླར་གསོ་སྤྱི་ཆིང2320། རི་བཀག་ནགས་སྐྱོང་མུའུ་ཁྲི6། རྩྭ་ཐང་ལྕགས་རྭ་བསྐོར་ཚད་སྨི་ཁྲི20། ཞན་འགྱུར་རྩྭ་སའི་སླར་གསོ་སྤྱི་ཆིང་ཁྲི15.06བཅས་ལེགས་འགྲུབ་བྱས། །