ཡིད་ཆེད་བརྟན་པ་དང་དངོས་སྒྲུབ་སྔོན་བརྩོན་བྱས་ནས་སྤྱོད་ཚུལ་ལེགས་པོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ནུས་སྩོལ་དགོས།
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས1ཉིན། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་ཟབ་མོ་བྱེད་པའི་སློབ་སྦྱོང་སློབ་གསོའི་བཀོད་སྒྲིག་གཞིར་བཟུང་ནས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་ཞིང་ཆེན་ཡོངས་ཀྱི་སྲིད་གཞུང་རྒྱུད་ཁོངས་ཀྱི་ཏང་ཡོན་མགོ་ཁྲིད་ལས་བྱེད་པར་སློབ་སྦྱོང་སློབ་གསོའི་ཆེད་དོན་ཏང་གི་སློབ་ཁྲིད་འཆད་ཁྲིད་གནང་སྟེ། ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་པའི་སྐོར་གྱི་རྣམ་བཤད་གལ་ཆེན་དང་མཚོ་སྔོན་ལ་གཟིགས་ཞིབ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་ཟབ་མོ་བྱེད་པ་དང་། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་ལས་དོན་བླང་བྱ་མཐའ་གཅིག་ཏུ་དངོས་འབེབས་བྱེད་པ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སྙིང་རུས་ལྷོད་མེད་ཀྱིས་དངོས་འབེབས་བྱེད་པ། ཡིད་ཆེད་བརྟན་པ་དང་དངོས་སྒྲུབ་སྔོན་བརྩོན་བྱས་ནས་སྤྱོད་ཚུལ་ལེགས་པོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ནུས་སྩོལ་དགོས།
ལུའོ་ཏུང་ཁྲོན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་རབས་གསར་པའི་ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་པར་དམིགས་ནས་རྣམ་བཤད་གལ་ཆེན་རབ་དང་རིམ་པ་སྤེལ་ནས། གནས་བབ་གསར་པའི་འོག་སྤྱོད་ཚུལ་འཛུགས་སྐྱོང་ཅིའི་ཕྱིར་འཛིན་དགོས་པ་དང་ཅི་ཞིག་འཛིན་པ། ཇི་ལྟར་འཛིན་པ་སོགས་ཀྱི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་ལ་ལན་ཟབ་མོ་བཏབ་པ་དང་། མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་འཛུགས་སྐྱོང་གཞུང་ལུགས་ཀྱི་གོ་རྟོགས་གསར་པའི་སྒོ་གླེགས་ཕྱེས་ཡོད། ང་ཚོས་ཚད་བསྡུར་རེའུ་བསྡུར་དང་ཟབ་སློབ་ཞིབ་རྟོགས་བྱེད་པ་དང་། སྤྱོད་ཚུལ་འཛུགས་སྐྱོང་ནི་ཏང་གི་སྐྱེ་འཆི་ཆགས་འཇིག་དང་འབྲེལ་ཡོད་པར་མྱོང་རྟོགས་ཟབ་མོ་བྱེད་ཅིང་། དེའི་ངོ་བོ་ནི་ཏང་གཤིས་གནད་དོན་ཡིན་པ་དང་། སྲོག་ཤིང་ནི་ཏང་དང་མི་དམངས་མང་ཚོགས་ཀྱི་ཤ་ཁྲག་གི་འབྲེལ་བ་རྒྱུན་སྲུང་བྱེད་པ་དེ་ཡིན་པ། གནད་འགག་གི་འཇུག་སྒོ་ནི་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་དངོས་འབེབས་བྱེད་པ་དེ་ཡིན་པ། བྱེད་ཐབས་གལ་ཆེན་ནི་ཏང་གཤིས་དང་ཏང་སྲོལ། ཏང་ཁྲིམས་བཅས་གཞི་གཅིག་ཏུ་འཛིན་པ་རྒྱུན་འཁྱོངས་བྱེད་པ་དེ་ཡིན་པ། སྤྱིའི་དགོངས་གཞི་གསལ་པོ་ནི་ཕྱོགས་ཡོངས་གཟབ་ནན་གྱིས་འཛིན་པ་དང་གཟབ་ནན་ཐོག་མཐར་འཁྱོལ་བ་དེ་ཡིན་ལ། ལག་ལེན་བླང་བྱ་ནི་ཁག་ཁུར་བྱས་ཡོད་ཡིན་པས། སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་པའི་བསམ་བློའི་རང་རྟོགས་དང་ཆབ་སྲིད་རང་རྟོགས། འགུལ་སྐྱོད་རང་རྟོགས་བཅས་མུ་མཐུད་དུ་ཇེ་དྲག་ཏུ་གཏོང་དགོས།
ལུའོ་ཏུང་ཁྲོན་གྱིས་ནན་གྱིས་བསྟན་དོན། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱིས་ཀྲུང་གོར་འགྱུར་ལྡོག་ཟབ་མོ་གཏོང་བཞིན་ཡོད་པར་མ་ཟད། མཚོ་སྔོན་ལའང་འགྱུར་ལྡོག་ཟབ་མོ་གཏོང་བཞིན་ཡོད། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་ཟབ་མོ་བྱེད་པ་ནི་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་ཡིན་པར་མ་ཟད། མཚོ་སྔོན་འཕེལ་རྒྱས་ཀྱི་དགོས་མཁོ་ཡང་ཡིན། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་སྒྲིག་ལམ་བརྩི་སྲུང་ནན་མོ་བྱེད་དགོས་ལ། ཁག་ཁུར་བྱས་ཡོད་ཀྱང་བྱེད་ཕོད་དགོས། སྲིད་བྱས་ལྟ་བ་ཡང་དག་དང་དམིགས་ཡུལ་འདུ་ཤེས་བརྟན་པོར་སྐྱེད་པ་དང་། “དམིགས་བསལ་སྨྲ་བ”དང“ཁ་གསབ་སེམས་ཁམས”མཐའ་གཅིག་ཏུ་སེལ་བ། སྒྲིག་འགལ་ཟ་འཐུང་སོགས་འབུར་ཐོན་གནད་དོན་བཅོས་སྐྱོང་ཇེ་ཟབ་ཏུ་བཏང་སྟེ། སྤྱོད་ཚུལ་མུ་མཐུད་དུ་བཟང་ཕྱོགས་ལ་འཕེལ་བར་སྐུལ་འདེད་ཏན་ཏིག་གཏོང་དགོས། སྔར་ལས་ལྷག་པར་རང་རྟོགས་ཀྱིས་སྒྲིག་ལམ་བརྩི་སྲུང་དང་ཁག་ཁུར་བྱས་ཡོད་གཉིས་གཅིག་གྱུར་ཡོང་བར་བྱེད་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་སྐྲུན་པ་དང་དཔལ་འབྱོར་སླར་འཕར་བཟང་འཕེལ་ལ་སྐུལ་འདེད་གཏོང་བ། ཁྱད་ལྡན་དགེ་མཚན་ལྡན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་པ། སྔར་ལས་ལྷག་པར་ཕྱོགས་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་དང་སྒོ་འབྱེད་རྒྱ་སྐྱེད་གཏོང་བ། བདེ་འཇགས་གནས་བབ་གསར་པ་འཛུགས་པ། དམངས་འཚོ་འགན་ལེན་དང་ལེགས་བཅོས་གཏོང་བ་བཅས་ལ་དམིགས་པ། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་བྱེད་པའི་ལག་ལེན་པ་དང་འགུལ་སྐྱོད་ཤོག་ཁག དངོས་གཉེར་པ་བཅས་མཐའ་གཅིག་ཏུ་ལེགས་པོ་བྱེད་པ། སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དེ་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འབད་པ་ཆེན་པོས་སྐུལ་འདེད་གཏོང་བའི་དངོས་ཡོད་ཕན་འབྲས་སུ་མུ་མཐུད་དུ་སྒྱུར་བ། ལོ་ཧྲིལ་པོའི་དམིགས་འབེན་ལས་འགན་དང“ལོ་ལྔའི་འཆར་གཞི་བཅུ་བཞི་པ”མཇུག་བསྡུ་བར་བདེ་བླག་ངང་ལེགས་འགྲུབ་འབྱུང་བར་ཁག་ཐེག་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་སེམས་ཤུགས་གཅིག་སྡུད་ཀྱིས་འབྲི་དགོས།
ཀྲང་ཅིན་ཀང་གིས་མགོ་འཛིན་བྱས། ཆེད་དོན་ཏང་གི་སློབ་ཁྲིད་ནི་བརྙན་ལམ་གྱི་རྣམ་པས་འཚོགས་པར་དང་། གྲོང་ཁྱེར(ཁུལ)སོ་སོར་ཡན་ལག་ཚོགས་ར་བཙུགས། ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ་སོ་སོ་དང་། ཞིང་ཆེན་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་དང་དྲུང་ཡིག་ཆེན་མོ་གཞོན་པ་སོ་སོ། ཞིང་ཆེན་སྲིད་གཞུང་གི་སྡེ་ཁག་སོ་སོ་དང་ཐད་གཏོགས་ཆེད་བཙུགས་ལས་ཁུངས། ཐད་གཏོགས་ལས་ཁུངས། མངགས་གཏོང་ལས་ཁུངས། སྡེ་ཁག་དོ་དམ་ལས་ཁུངས། ཞིང་ཆེན་ལ་གཏོགས་པའི་མཐོ་སློབ་དང་རྒྱལ་གཉེར་ཁེ་ལས། ཀྲུང་དབྱང་གི་མཚོ་སྔོན་དུ་བཅའ་སྡོད་བྱས་པའི་སྨྱན་སྦྱོར་གྱི་འགན་འཁུར་བློ་མཐུན་གཙོ་བོ་བཅས་ཚོགས་ར་གཙོ་བོར་ཞུགས་ཡོད། །