ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས9ཉིན། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པའི་མཚོ་སྔོན་འཐུས་ཚབ་ཚོགས་པས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་བསྡུས་པ་དང་། མཚོ་སྔོན་འཐུས་ཚབ་ཚོགས་པའི་གསར་འགྱུར་མགྲིན་ཚབ་པ་ཝང་ཧྭ་ཅེ་ཡིས་གཏམ་བཤད་གནང་།
ཝང་ཧྭ་ཅེ་ཡིས་མཚོ་སྔོན་འཐུས་ཚབ་ཚོགས་པ་ཚོགས་འདུར་ཞུགས་པའི་གནས་ཚུལ་དང་གྲོས་གཞི། བསམ་འཆར་བཅས་ཡར་སྤྲད་པའི་གནས་ཚུལ་དང་། ལོ་ངོ་གཅིག་རིང་གི་ལས་སྒྲུབ་གནས་ཚུལ་སོགས་ངོ་སྤྲོད་བྱས།
ཝང་ཧྭ་ཅེ་ཡིས་ངོ་སྤྲོད་བྱས་དོན། མཚོ་སྔོན་ཞིང་ཆེན་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པར་ཞུགས་པའི་རྒྱལ་ཡོངས་དམངས་ཆེན་འཐུས་མི་བསྡོམས་པས23ཡོད་པ་དང་། ཚོགས་འདུའི་སྔོན་དུ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་དུ་ཡོད་པའི་རྒྱལ་ཡོངས་དམངས་ཆེན་ལ་ཆེད་དོན་བརྟག་ཞིབ་དང་གཅིག་བསྡུས་ལྟ་ཞིབ་བྱས་པ་དང་། འཐུས་མིའི་བཅའ་ཁྲིམས་བཟོ་བཅས་སྐོར་གྱི་འཆར་ཟིན་ལ་གཞིར་བཟུང་ནས་ནན་ཏན་གྱིས་ཞིབ་ཀློག་དང་གྲོས་བསྡུར་བྱས་པ་མ་ཟད། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པའི་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་གཞི་དང་བསམ་འཆར་གྲ་སྒྲིག་གི་ལས་དོན་སྐོར་ནས་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། འཐུས་མི་རྣམས་ཀྱིས་ཚོགས་འདུ་ལེགས་པོར་འཚོགས་པ་དང་ལས་འགན་ལེགས་པོར་བསྒྲུབ་ཆེད། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་ཞའོ་ཅུན་གྱིས་སྤུས་ཚད་མཐོན་བའི་གྲོས་གཞི་དང་བསམ་འཆར་འདོན་པ་དང་། ཆུ་ཚད་མཐོན་བའི་གྲོས་ཞིབ་དང་གཏམ་བཤད་པ་སོགས་ཀྱི་ལས་དོན་ལེགས་པོར་བསྒྲུབ་པའི་ཐད་ནས་བླང་བྱ་གསལ་བོར་བཏོན་པ་དང་བཀོད་སྒྲིག་ཞིབ་མོ་བྱས་ཡོད།
ཟླ3པའི་ཚེས8ཉིན་བར། མཚོ་སྔོན་འཐུས་ཚབ་ཚོགས་པས་གྲོས་གཞི1སྤྲད་པ་དང་། འཐུས་མིའི་གྲོས་གཞི121སྤྲོད་རྩིས་ཡོད། ནང་དོན་ཐད་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་། དཔལ་འབྱོར་འཕེལ་རྒྱས། དམངས་འཚོ་ལེགས་སྒྱུར། སྤྱི་ཚོགས་བཅོས་སྐྱོང་། མི་རིགས་མཐུན་སྒྲིལ་སོགས་ཀྱི་ཕྱོགས་འདུས་ཡོད།
ཝང་ཧྭ་ཅེ་ཡིས་ངོ་སྤྲོད་བྱས་དོན། ལོ་ངོ་གཅིག་གི་རིང་དུ། མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་རིམ་པའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ21གཏན་འབེབས་དང་བཟོ་བཅོས། མེད་པར་བཏང་བ་དང་། ཁྲིམས་སྲོལ38ལ་ཞིབ་བཤེར་ཆོག་མཆན་བཀོད། ཆེད་དོན་བྱ་བའི་སྙན་ཞུ17ལ་ཉན་ནས་གྲོས་ཞིབ་བྱས། ཁྲིམས་ལུགས་ལག་བསྟར་ཞིབ་བཤེར་ཐེངས3བྱས་པ་དང་ཆེད་དོན་འདྲི་རྟོག་ཐེངས1། ཆེད་དོན་བརྟག་ཞིབ་ཐེངས3བྱས་ལ། གྲོས་ཆོད18གཏན་འབེབས་བཅས་བྱས་ཏེ། ཁྲིམས་སྐྱོང་ལ་བརྟེན་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ལ་སྔར་བས་སྲུང་སྐྱོང་ནུས་ལྡན་བྱས་ཡོད།
ཝང་ཧྭ་ཅེ་ཡིས་ངོ་སྤྲོད་བྱས་དོན། མཚོ་སྔོན་དུ་ཡོད་པའི་རྒྱལ་ཡོངས་དམངས་ཆེན་འཐུས་མིས་ཐོག་མཐའ་བར་གསུམ་དུ་བསམ་བློ་དང་འགུལ་སྐྱོད་གཉིས་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བླང་བྱ་སོ་སོ་དང་གཅིག་གྱུར་ཡོང་བར་བྱེད་པ་དང་། ལྟེ་བར་གཞིར་འཛིན་པ་དང་། ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ། བློ་དཀར་སེམས་དཀར་ངང་མི་དམངས་ཀྱི་ཁེ་ཕན་གྱི་ཚབ་བྱེད་པ། ཁྲིམས་ལུགས་ཀྱིས་གཏན་འབེབས་བྱས་པའི་ལས་འགན་ཏན་ཏིག་ངང་བསྒྲུབས་པས། ཏང་དང་སྲིད་གཞུང་གིས་མི་དམངས་མང་ཚོགས་ལ་འབྲེལ་འདྲིས་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཤིང་། དུས་རབས་གསར་པར་ཁྲིམས་ལྟར་ལས་འགན་ལེགས་པོར་བསྒྲུབས་ཏེ། ཏང་དང་མི་དམངས་ཀྱིས་ཡིད་ཚིམས་པའི་རྒྱུགས་ཤོག་ཅིག་སྤྲད་ཅིང་། མཚོ་སྔོན་མི་དམངས་ཀྱི་མགྲིན་ཚབ་པ་ལྟ་བུ་བྱས།
ཝང་ཧྭ་ཅེ་ཡིས་ད་དུང་མཚོ་སྔོན་འཐུས་ཚབ་ཚོགས་པས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཕུལ་བའི་སྲིད་གཞུང་བྱ་བའི་སྙན་ཞུའི་གནས་ཚུལ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཅང་སུའུ་འཐུས་ཚབ་ཚོགས་པར་ཞུགས་ནས་གྲོས་ཞིབ་བྱེད་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱས་པའི་གནས་ཚུལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའམ། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཚའེ་ཆི་ཁོང་ཡོད་སའི་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པའི་མཚོ་སྔོན་འཐུས་ཚབ་ཚོགས་པར་ཡོང་ནས་འཐུས་མི་རྣམས་དང་མཉམ་དུ་གྲོས་ཞིབ་བྱས་པའི་གནས་ཚུལ་ངོ་སྤྲོད་བྱས།
འཐུས་མི་རྣམས་ཀྱིས་གཅིག་མཐུན་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཏན་ཏན་ཏིག་ཏིག་ངང་སློབ་སྦྱོང་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བླང་བྱ་ནན་ཏན་གྱིས་ལག་བསྟར་བྱེད་པ། ལས་ཞུགས་དང་འཕེལ་རྒྱས། མཐུན་སྒྲིལ་བཅས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ། ལས་སྒྲུབ་སྔོན་བརྩོན་བྱེད་པའི་རྣམ་པ་ལེགས་པོ་ཞིག་ཆགས་པར་བྱས་ནས། སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་སྔར་ལས་ལྷག་པའི་འཕེལ་རྒྱས་འབྱུང་བར་སྐུལ་འདེད་བཏང་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་ཧུར་ཐག་གིས་བྲི་དགོས་པར་བསྟན། །