ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་འཐུས་ཚབ་ཚོགས་པས་ཚང་འཛོམས་གྲོས་ཚོགས་བསྡུས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2025-03-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུར་མུ་མཐུད་དུ་གྲོས་ཞིབ་བྱས།

འཐུས་མིའི་བཅའ་ཁྲིམས་བཟོ་བཅོས་སྐོར་གྱི་ཐག་གཅོད་འཆར་ཟིན་དང་ཆེས་མཐོ་གཉིས་ཀྱི་བྱ་བའི་སྙན་ཞུར་གྲོས་ཞིབ་བྱས།

ཝུའུ་ཞའོ་ཅུན་གྱིས་གསུང་བཤད་གནང་། ལུའོ་ཏུང་ཁྲོན་གྲོས་ཚོགས་ལ་ཞུགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས9ཉིན་གྱི་སྔ་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པར་ཞུགས་པའི་མཚོ་སྔོན་འཐུས་ཚབ་ཚོགས་པས་ཚང་འཛོམས་གྲོས་ཚོགས་བསྡུས་ཤིང་། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུར་མུ་མཐུད་དུ་གྲོས་ཞིབ་བྱས་པ་དང་། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དང་ས་གནས་ཀྱི་རིམ་པ་སོ་སོའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་བཅའ་ཁྲིམས་བཟོ་བཅོས་སྐོར་གྱི་ཐག་གཅོད་འཆར་ཟིན་དང་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུ། ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུ་བཅས་ལ་གྲོས་ཞིབ་བྱས། ཝུའུ་ཞའོ་ཅུན་དང་ཀྲང་ཅིན་ཀང་གཉིས་ཀྱིས་གསུང་བཤད་གནང་། ལུའོ་ཏུང་ཁྲོན་དང་ལིའུ་ཆི་ཧྥན་གཉིས་གྲོས་ཚོགས་ལ་ཞུགས། ཝང་ལི་མིང་གིས་འགོ་འཛིན་བྱས་པར་མ་ཟད་གཏམ་བཤད། ཀྲང་ཙེ་ཅུན་དང་ཀྲ་ཆིན་ཅིའུ་གཉིས་ཚོགས་འདུར་ཞུགས་པར་མ་ཟད་ཆེས་མཐོ་གཉིས་ཀྱི་བྱ་བའི་སྙན་ཞུ་ཀློག་འགྲེལ་བྱས།

འཐུས་མི་ཝུའུ་ཞའོ་ཅུན་གྱིས་བཤད་རྒྱུར། ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡིས་ཕུལ་བའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུས་ནི། ཏང་གི་འགོ་ཁྲིད་དང་མི་དམངས་རང་ཁྱིམ་རང་བདག ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་སྐྱེ་ལྡན་གཅིག་གྱུར་རྒྱུན་འཁྱོངས་བྱས་ཤིང་། མཛུབ་སྟོན་རང་བཞིན་དང་ཁ་གཏད་རང་བཞིན། བཀོལ་སྤྱོད་རུང་བའི་རང་བཞིན་བཅས་དྲག་པོ་ལྡན། དེ་ནི་ལམ་ལུགས་ཀྱི་དགེ་མཚན་མངོན་པ་དང་འགན་འཁྲི་ཁག་ཁུར་མཚོན་པ། དམངས་འཚོར་ཕན་བདེ་བསྐྲུན་པ། ཁྲིམས་སྐྱོང་སྙིང་སྟོབས་ཀྱིས་ཁྱབ་པའི་སྙན་ཞུ་ལེགས་པོ་ཞིག་ཡིན་པས། ཡོངས་སུ་མོས་མཐུན་ཡོད་ལ། མཐའ་གཅིག་ཏུ་བརྩི་སྲུང་ཞུ་རྒྱུ་ཡིན། འདས་པའི་ལོ་གཅིག་ལ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བའི་སྐོར་གྱི་དགོངས་པ་གལ་ཆེན་སྤྱི་འདོམས་སུ་བཟུང་བ་དང་། ཆབ་སྲིད་ལངས་གནས་དང་ཆབ་སྲིད་ཁ་ཕྱོགས་ཡིད་ལ་བརྟན་པོར་ཆུད་པ། རྩ་ཁྲིམས་ཀྱི་རྩ་དོན་དང་རྩ་ཁྲིམས་ཀྱི་སྙིང་སྟོབས་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ། ལུགས་མཐུན་ཁྲིམས་འཛུགས་དང་དམངས་གཙོ་ཁྲིམས་འཛུགས་ཟབ་མོར་སྤེལ་བ། ལྟ་སྐུལ་ནུས་ལྡན་དང་ཁྲིམས་ལྟར་ལྟ་སྐུལ་ལག་བསྟར་རྒྱུན་འཁྱོངས་བྱས་པ། རྣམ་པ་གསར་པ་ཕྱེ་བ་དང་གནད་དོན་གསར་པ་གཏོར་བ། ལེའུ་གསར་པ་བྲིས་ཏེ། ལས་དོན་ཁག་སོ་སོར་གྲུབ་འབྲས་གཡུར་དུ་ཟ་བ་བླངས། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྟོབས་ལྡན་འགོ་ཁྲིད་འོག མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གལ་ཆེན་དེ་དམངས་ཆེན་ལས་དོན་དུས་བསྟུན་མདུན་སྐྱོད་དང་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རང་རྟོགས་འགུལ་སྐྱོད་དུ་ངེས་པ་དོན་གྱིས་བསྒྱུར་པ་དང་། ཏང་གི་མགོ་ཁྲིད་སྔར་ལས་བརྟན་བརླིང་རང་རྟོགས་ལྡན་པ་རྒྱུན་འཁྱོངས་བྱས་པ། ལྟེ་བའི་སྤྱི་ཡོངས་ལ་ཞབས་ཞུ་བསྒྲུབས་པ་སྔར་ལས་གནད་སྨིན་ནུས་མཐོ་བྱུང་བ། དམངས་དོན་དམིགས་ཡུལ་ལག་ལེན་དུ་བཏབ་པ་སྔར་ལས་ཟབ་ཅིང་ཏན་ཏིག་ཡིན་པ། ལས་དོན་ཁག་ལ་གོམ་སྟབས་གསར་པ་སྤོ་བར་སྐུལ་འདེད་བཏང་ཡོད།

འཐུས་མི་ཝང་ལི་མིང་གིས་བཤད་རྒྱུར། ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་པ་དང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལག་བསྟར་ཟབ་མོ་བྱས་པ། མི་དམངས་མང་ཚོགས་ལ་ཁྲིམས་འཛིན་གྱོད་གཞིའི་ཁྲོད་སྤྱི་སྙོམ་དྲང་བདེན་ཚོར་བར་འབད་པའི་དམིགས་འབེན་བླང་བྱ་དང་དམ་དུ་སྦྲེལ་བ། སྤུས་ཚད་མཐོ་བའི་ཁྲིམས་སྐྱོང་ཞབས་ཞུས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགན་ལེན་མཐའ་གཅིག་ཏུ་བྱས་པ། ཏང་དང་རྒྱལ་ཁབ་ཀྱི་ལྟེ་བའི་ལས་འགན་ཕྱོགས་ཡོངས་ནས་ཁྲིམས་ལྟར་ལས་སྒྲུབ་བྱེད་པར་དམིགས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་སྟོབས་ལྡན་ཤུགས་ཡོད་ཀྱི་ཁྲིམས་འཛིན་འགན་ལེན་འདོན་སྤྲོད་བྱས། ཆེས་མཐོ་གཉིས་ཀྱི་བྱ་བའི་སྙན་ཞུ་ལ་དམངས་དོན་གཉེར་བའི་བརྩེ་བ་འདུས་པ་དང་། ཆེ་ཕྱོགས་འདུ་ཤེས་མཚོན་པ། ཁྲིམས་སྐྱོང་སྙིང་སྟོབས་མངོན་པ། ཁྲིམས་འཛིན་ཁག་ཁུར་ངོམས་འདུག་པས། ང་ཚོས་དམངས་ཆེན་གྱི་འགན་ནུས་དང་འཐུས་མིའི་ལས་འགན་ལ་ཟུང་འབྲེལ་བྱས་ནས། སྤྱི་ཚོགས་ཀྱི་སྤྱི་སྙོམ་དྲང་བདེན་སྲུང་སྐྱོང་ལ་སྐུལ་འདེད་གཏོང་བ་དང་། ཁྲིམས་འཛིན་པ་དམངས་དོན་ཡིན་པའི་ཁྲིམས་སྐྱོང་བྱེད་ཐབས་དངོས་འབེབས་གཞིར་འབེབས་དང་ལག་བསྟར་ཕན་འབྲས་མཐོང་བར་སྐུལ་འདེད་གཏོང་དགོས།

འཐུས་མི་ཀྲང་ཅིན་ཀང་གིས་བཤད་རྒྱུར། ཆེས་མཐོ་གཉིསཀྱི་བྱ་བའི་སྙན་ཞུ་ཡོངས་ལ་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པས་ཁྱབ་པ་དང་། བྱེ་བྲག་གི་གྱོད་དཔེ་དང་གྱོད་སྒྲུབ་གཞི་གྲངས། མང་ཚོགས་ཀྱི་སྐད་ཆ་བཅས་བེད་སྤྱོད་བྱས་ཡོད་པས། ཆེས་མཐོ་མི་དམངས་ཁྲིམས་ཁང་དང་ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གིསརྒྱལ་དོན་གྱི་ཆེ་ཕྱོགསབློ་ལ་ངེས་པ་དང་ཁྲིམས་འཛིན་པ་དམངས་དོན་ཡིན་པའི་འགན་འཁྲི་ཁག་ཁུར་རྒྱུན་འཁྱོངས་བྱས་པ་ཕུན་སུམ་ཚོགས་པར་མཚོན་ཡོད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ཞབས་ཞུ་སྒྲུབ་པར་དམིགས་པ་དང་། ཏང་གི་ལྟེ་བའི་ལས་དོན་གང་དུ་སྐུལ་འདེད་བཏང་ན་ཞིབ་གཅོད་ཞིབ་དཔྱོད་ལས་དོན་དེར་བསླེབས་ཡོད་པས། ཁྲིམས་སྐྱོང་སྟོབས་ཤུགས་ལ་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ཞབས་ཞུ་སྒྲུབ་པའི་ངོ་བའི་དོན་གནད་མངོན་ཡོད། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་དམ་པོར་དམིགས་པ་དང་། ཁྲིམས་སྐྱོང་ལམ་ལུགས་བཅོས་སྒྱུར་ལ་མྱུར་ཏུ་སྐུལ་འདེད་བཏང་བ། ལས་བྱེད་པའི་དཔུང་ཁག་གི་ཆབ་སྲིད་འཛུགས་སྐྱོང་དང་ལས་སྒོ་འཛུགས་སྐྱོང་། ལས་རིགས་ཀུན་སྤྱོད་འཛུགས་སྐྱོང་བཅས་གཞི་གཅིག་ཏུ་སྐུལ་འདེད་བཏང་སྟེ། ཁྲིམས་སྐྱོང་ཀྲུང་གོ་འཛུགས་སྐྱོང་ལ་སྐུལ་འདེད་ཟབ་མོ་གཏོང་བར་དཔེ་སྟོན་མིག་དཔེ་བྱས་ཡོད་པས། ང་རང་ཡོངས་སུ་འཐད་པ་བྱུང་ཡོད།

འཐུས་མི་ཝང་ཧྭ་ཅེ་དང་ཆའོ་ཡ་ཆུན། པི་ཧྲིན་ལུང་། རིན་ཆེན་བཀྲ་ཤིས་བཅས་ཀྱི་གཏམ་བཤད། ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེསའི་མཐོ་མི་དམངས་ཞིབ་དཔྱོད་ཁང་གི་འབྲེལ་ཡོད་བློ་མཐུན་གྲོས་ཞིབ་ལ་ཞུགས་ཤིང་། འཐུས་མིའི་བསམ་འཆར་གྲོས་གཞིར་མཉན། །

 
རྩོམ་སྒྲིག་པ། : གསང་བདག་རྒྱལ།
རྩོམ་སྒྲིག་འགན་ཁུར་བ། : གསང་བདག་རྒྱལ།