
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས7ཉིན། 2025ལོའི་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་གྱི་དགུན་དུས་ཀྱི་རིག་རྩལ་ཡུལ་སྐོར་རིམ་སྤེལ་བྱེད་སྒོའི་སྟག་ཚང་ཤང་བྲག་དཀར་ཐང་གྲོང་ཚོའི་མདའ་འཕེན་འགྲན་བསྡུར་སྐབས་དང་པོ་དེ་མཚོ་ཤར་གྲོང་ཁྱེར་དཔའ་ལུང་ཧུའེ་རིགས་རང་སྐྱོང་རྫོང་ཆུ་འཁོར་ཁུལ་གསར་ལུས་རྩལ་ཁང་དུ་མཇུག་སྒྲིལ།

འགྲན་བསྡུར་ཁྲོད་འགྲན་ཞུགས་པ་རྣམས་སྟོབས་ཤུགས་ཀྱིས་ཁེངས་ཤིང་བློ་རྩེ་གཅིག་ཏུ་སྒྲིལ་ཏེ། མགོ་མཇུག་བར་གསུམ་དུ་ཕུལ་དུ་བྱུང་བའི་མདའ་འཕེན་ལག་རྩལ་གང་ལེགས་མངོན་བཞིན་ཡོད་ཅིང་། ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་ལྟད་མོ་བ་དག་གིས་འགྲན་ར་ཡོངས་བསྐོར་ནས། འགྲན་ཞུགས་པ་རྣམས་ལ་སྟོབས་ཤུགས་བསྩོལ་བཞིན་ཡོད།

ཤེས་གསལ་ལྟར་ན། ཐེངས་འདིའི་འགྲན་བསྡུར་ཟླ2པའི་ཚེས5ཉིན་མགོ་ཚུགས་པ་དང་དུས་ཡུན་ཉིན3ཡིན། འགྲན་བསྡུར་ཁྲོད་སྲོལ་རྒྱུན་གཞུའི་འགྲན་བསྡུར་དང་མི་སྒེར་གྱི་འགྲན་བསྡུར་ཚུད་ཡོད། ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོ་ནས་ཡོང་བའི་འགྲན་ཞུགས་དཔུང་ཁག120དང་། མདའ་རྩལ་ལ་དགའ་བའི་འགྲན་ཞུགས་པ400ལྷག་ཙམ་མཉམ་འཛོམས་བྱས་ནས་འགྲན་ར་གཅིག་ཏུ་འགྲན་བསྡུར་བྱས། ཉེ་བའི་ལོ་འགའི་རིང་། གྲོང་ཚོ་རིམ་པའི་རྩ་འཛུགས་བྱས་པའི་མདའ་འཕེན་འགྲན་བསྡུར་ཁྲོད་འགྲན་ཞུགས་དཔུང་ཁག་དང་འགྲན་ཞུགས་པ་ཆེས་མང་ཤོས་དང་གཞི་ཁྱོན་ཆེས་ཆེ་ཤོས་ཀྱི་མདའ་འཕེན་འགྲན་བསྡུར་ཞིག་རེད། མདའ་འཕེན་འགྲན་བསྡུར་བྱས་པ་བརྒྱུད་མང་ཚོགས་ཀྱིས་སྲོལ་རྒྱུན་རིག་གནས་ལ་རྒྱུས་ལོན་བྱས་པར་མ་ཟད། སྲོལ་རྒྱུན་མདའ་འཕེན་འགྲན་བསྡུར་གྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་གང་ལེགས་མངོན་ཏེ། མི་རིགས་སོ་སོའི་འབྲེལ་འདྲིས་སྤེལ་གསུམ་ལ་དེ་བས་སྐུལ་འདེད་བཏང་བ་དང་། གྲོང་གསེབ་དར་སྤེལ་ཡོང་བར་རིག་གནས་ཀྱི་རྨང་གཞི་བརྟན་པོ་བཏིང་། །