མངགས་བཅོལ་ཡིད་ལ་དམ་པོར་བཅངས་ནས་དྲིན་ལན་གཟོ་བཞིན་མདུན་དུ་བསྐྱོད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་རྩོམ་པར་མཐུན་སྒྲིལ་འབད་འཐབ་བྱེད་དགོས།
མཚོ་སྔོན་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པ་གཟབ་རྒྱས་ངང་འཚོགས་མགོ་བརྩམས།
ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་མཛད། ལུའོ་ཏུང་ཁྲོན་གྱིས་སྲིད་གཞུང་བྱ་བའི་སྙན་ཞུ་ཕུལ།
ཟླ1པོའི་ཚེས19ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་སྐབས་བཅུ་བཞི་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པ་མཚོ་སྔོན་གྲོས་ཚོགས་ལྟེ་གནས་སུ་གཟབ་རྒྱས་ངང་འཚོགས་མགོ་བརྩམས་པ།
ཟླ1པོའི་ཚེས19ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་སྐབས་བཅུ་བཞི་པའི་དམངས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པ་མཚོ་སྔོན་གྲོས་ཚོགས་ལྟེ་གནས་སུ་འཚོགས་མགོ་བརྩམས། ཧྲིན་ཀྲང་ལས་ཚབ་པ་ལུའོ་ཏུང་ཁྲོན་གྱིས་སྲིད་གཞུང་བྱ་བའི་སྙན་ཞུ་ཕུལ།
ཟླ1པོའི་ཚེས19ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་སྐབས་བཅུ་བཞི་པའི་དམངས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པ་མཚོ་སྔོན་གྲོས་ཚོགས་འདུ་ལྟེ་གནས་སུ་གཟབ་རྒྱས་ངང་འཚོགས་མགོ་བརྩམས།
གྲོས་ཚོགས་ལ་འཐུས་མི385ཞུགས་དགོས་པ་དང་། འཐུས་མི362དངོས་སུ་ཞུགས་ཡོད་པས། དེ་ཁྲིམས་བཀོད་མི་གྲངས་དང་མཐུན།
སྔ་དྲོའི་ཆུ་ཚོད9པར། བརྗིད་ཉམས་ལྡན་པའི་རྒྱལ་གླུ་ཁྲོད་ཚོགས་ཆེན་མགོ་བརྩམས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི། ཚོགས་ཆེན་ཐེངས་དང་པོའི་ལག་བསྟར་ཀྲུའུ་ཞི་ཝུའུ་ཞའོ་ཅུན་གྱིས་ཚོགས་ཆེན་ལ་མགོ་འཛིན་མཛད།
ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཝང་ལི་མིང་དང་དབྱང་ཧྥེང་ཁྲུན། ཉི་མ་སྒྲོལ་མ། ལིའུ་ཐུང་ཏེ། ཀྲང་ཧོང་ཡོན། ལིའུ་ཀང་། ཝང་ཅིན་ཀྲའེ། ཁྲེན་ཏུང་ཁྲང་བཅས་ཀྲུའུ་ཞིའི་སྟེགས་བུའི་མདུན་གྲལ་དུ་བཞུགས་ཡོད།
སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད། ཧྲིན་ཀྲང་ལས་ཚབ་པ་ལུའོ་ཏུང་ཁྲོན་གྱིས་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཚབ་མཛད་ནས་ཚོགས་ཆེན་ལ་སྲིད་གཞུང་གི་བྱ་བའི་སྙན་ཞུ་ཕུལ། སྙན་ཞུ་ལ་ཁག་གསུམ་ཡོད་དེ། དང་པོ་ནི2024ལོའི་བྱ་བའི་ཕྱིར་དྲན་དང་། གཉིས་པ་ནི2025ལོའི་དམིགས་ཚད་ལས་འགན་དང་གཙོ་གནད་ལས་དོན། གསུམ་པ་ནི་སྲིད་གཞུང་རང་ངོས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་རེད།
ལུའོ་ཏུང་ཁྲོན་གྱིས། འདས་ཟིན་པའི་ལོ་གཅིག་ནི། མཚོ་སྔོན་གྱི་འཕེལ་རྒྱས་ལོ་རྒྱུས་ཐོག་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཡང་བསྐྱར་མཚོ་སྔོན་ལ་སྐུ་དངོས་སུ་གཟིགས་ཞིབ་ཏུ་ཕེབས་པ་དང་། འོད་སྟོང་ལྡན་པའི་ཞབས་རྗེས་མཐོ་སྒང་ས་གཞི་ཆེན་པོར་འཕྲོས་པ། ལྷག་བསམ་རྣམ་པར་དག་པའི་བཀའ་ཁྲིད་ཟབ་མོས་མདུན་སྐྱོད་ཀྱི་ཁ་ཕྱོགས་ཁྲིད་སྟོན་གནང་བ། བྱམས་བརྩེའི་ཐུགས་ཁུར་གྱིས་མང་ཚོགས་ཀྱི་སེམས་པའི་ཞིང་ས་གཤིན་པར་མཛད་དེ། ང་ཚོས་སྔར་ལས་དཔའ་ངར་དཔུང་བསྐྱེད་ཀྱི་བསམ་པའི་ཉམས་འགྱུར་ལ་བརྟེན་ནས་བགྲོད་ལམ་གསར་པར་འབད་བརྩོན་དང་དུས་རབས་གསར་པར་བྱས་རྗེས་འཇོག་རྒྱུར་སྣེ་ཁྲིད་གནང་ཡོད། ང་ཚོས་གཙོ་འཛིན་གྱི་མངགས་བཅོལ་བློ་ལ་བརྟན་པོར་ངེས་ཏེ། ཞིང་ཆེན་ཏང་ཨུའི་མགོ་ཁྲིད་སྟོབས་ལྡན་འོག བརྟན་ཐོག་ཡར་འཕེལ་དང་ཡར་རྒྱས་ཀྱིས་བརྟན་བརླིང་ལ་སྐུལ་བ། སྔོན་འཛུགས་རྗེས་གཏོར་བཅས་མཐའ་འཁྱོངས་བྱས་པ་དང་། རྒྱལ་ཡོངས་ཀྱི་ཆེ་ཕྱོགས་ལ་འདྲེས་པ་དང་ཞབས་འདེགས་ཞུ་བའི་ཁྲོད་དུ་འགན་འཁྲི་མངོན་པར་བྱས་པ། འཐབ་ཇུས་ཀྱི་གོ་སྐབས་བརྩོན་ལེན་བྱེད་པའི་ཁྲོད་རང་འགུལ་གྱིས་བྱས་རྗེས་བཞག་པ། དཀའ་ངལ་འགྲན་སློང་ལ་ཁ་གཏད་གཅོག་པའི་ཁྲོད་འབད་བརྩོན་མདུན་སྐྱོད་བྱས་པ། སྐྱེ་ཁམས་ཁོར་ཡུག་དེ་འགན་འཁྲི་ཁག་ཁུར་ཁྲོད་སྤུས་འདེགས་ལེགས་སྐྱེད་བཏང་བ། དཔལ་འབྱོར་འཁོར་སྐྱོད་དེ་བྱེད་ཐབས་མང་པོ་མཉམ་དུ་སྤེལ་བའི་ཁྲོད་སླར་གསོ་བཟང་འཕེལ་ཡིན་པ། ཁྱད་ལྡན་ཐོན་ལས་དེ་ཕྱོགས་སྒྱུར་རིམ་སྤོར་ཁྲོད་གཅིག་སྡུད་སྟོབས་ཆེར་ཕྱིན་པ། བཅོས་སྒྱུར་སྒོ་འབྱེད་དེ་བདེན་སྲུང་གསར་གཏོད་ཁྲོད་སྐུལ་འདེད་གཏིང་ཟབ་བཏང་བ། དམངས་འཚོའི་བྱ་གཞག་དེ་དམངས་ཕན་དམངས་བདེ་ཁྲོད་སྔར་ལས་དྲོད་སྐྱིད་ལྡན་པ། སྤྱི་ཚོགས་ཆེ་ཕྱོགས་དེ་མཉམ་འཛུགས་མཉམ་སྐྱོང་ཁྲོད་བདེ་འཇགས་བརྟན་ལྷིང་དུ་གྱུར་པ། ཀྲུང་གོ་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་སྲ་ཞིང་བརྟན་པའི་གོམ་སྟབས་གསར་པ་སྤོས་ཡོད་ཅེས་བསྟན།
ལུའོ་ཏུང་ཁྲོན་གྱིས། འདས་ཟིན་པའི་ལོ་གཅིག་ལ་ཕྱིར་དྲན་བྱས་ན། ང་ཚོའི་མདུན་དུ་ལྷགས་པའི་འགྲན་སློང་སྔར་བྱུང་མ་མྱོང་ཞིང་། འབད་བརྩོན་ལྷོད་མེད་བྱས་པ་བློ་ཡིད་ལས་འདས་ལ། གྲུབ་འབྲས་ཕུན་སུམ་ཚོགས་པས་མི་སེམས་ལ་སྐུལ་མ་ཐེབས། དེ་དག་ཐམས་ཅད་ཀྱི་རྩ་བ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མགོ་འཛིན་སྣེ་ཁྲིད་མཛད་པར་ཐུག་ཡོད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་སྣེ་ཁྲིད་ལ་ཐུག་ཡོད་ཅིང་། ཞིང་ཆེན་ཏང་ཨུས་ཞིང་ཆེན་ཡོངས་ཀྱི་མི་རིགས་སོ་སོའི་ལས་བྱེད་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་དངོས་འཛིན་དངོས་གཉེར་དང་འབད་བརྩོན་ལྷོད་མེད་བྱས་པའི་གྲུབ་འབྲས་ཡིན་ལ། ཞིང་ཆེན་དམངས་ཆེན་དང་ཞིང་ཆེན་སྲིད་གྲོས། སྤྱི་ཚོགས་ལས་རིགས་ཁག་བཅས་ཀྱིས་ལྟ་སྐུལ་ནུས་ལྡན་དང་རྒྱབ་སྐྱོར་བླ་མེད་བྱས་པའི་འབྲས་བུ་ཡང་ཡིན། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ངལ་རྩོལ་པ་དང་། འཛུགས་སྐྲུན་པ། ལས་གཏོད་པ་བཅས་ཚང་མས་ཕུགས་འདུན་གྱི་ཆེད་དུ་འབད་འབུངས་བྱེད་ཀྱི་ཡོད། དུས་མཚུངས་སུ་ང་ཚོས་ཀྱང་གསལ་པོར་མཐོང་ཐུབ་པ་ནི། ཕྱི་རོལ་ཁོར་ཡུག་རྙོག་འཛིང་ཆེ་ལ་འགྱུར་བ་མང་བ་དང་། ངེས་གཏན་མེད་པའི་རང་བཞིན་ཇེ་མང་དུ་སོང་ཡོད་པས། ང་ཚོས་དཀའ་ངལ་ལ་གདོང་གཏོད་པ་དང་གནད་དོན་ལ་ཐད་ཀར་དུ་བལྟ་བ་བཅས་ཀྱིས་སྒོ་ནས། ཐབས་བརྒྱ་ཇུས་སྟོང་གིས་ཐག་གཅོད་པ་དང་། ནུས་ཤུགས་ཡོད་རྒུས་ལེགས་བཅོས་བྱས་ཏེ། དངོས་སྒྲུབ་ཀྱི་གྲུབ་འབྲས་དངོས་ལ་བརྟེན་ནས་ཞིང་ཆེན་ཡོངས་ཀྱི་མི་དམངས་ལ་དྲིན་ལན་འཇལ་དགོས་ཞེས་ནན་གྱིས་བསྟན།
ལུའོ་ཏུང་ཁྲོན་གྱིས། ད་ལོ་ནི“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”འཆར་འགོད་མཇུག་སྡུད་པའི་ལོ་དང་། “ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”འཆར་གཞི་འགོད་པའི་ལོ་ཡིན་ལ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ལོ་གལ་ཆེན་ཞིག་ཀྱང་ཡིན། རྒྱལ་ཁབ་ཕྱི་ནང་གི་གནས་བབ་ལ་ཕྱོགས་ཡོངས་ནས་བལྟས་ན། ཕྱི་ཕྱོགས་ཁོར་ཡུག་གི་འགྱུར་ལྡོག་ལས་བྱུང་བའི་ཤུགས་རྐྱེན་ངན་པ་གཏིང་ཟབ་ཏུ་ཕྱིན་ཡོད་མོད། འོན་ཀྱང་རང་རྒྱལ་གྱི་དཔལ་འབྱོར་ཡུན་རིང་ཇེ་ལེགས་སུ་འགྲོ་བའི་འདེགས་སྐྱོར་ཆ་རྐྱེན་དང་གཞི་རྩའི་འཕེལ་ཕྱོགས་ལ་འགྱུར་བ་བྱུང་མེད་པ་དང་། སྔར་ལས་ཡར་བརྩོན་ལྡན་པའི་ནོར་སྲིད་སྲིད་ཇུས་དང་འོས་འཚམ་གུ་ཡངས་ཀྱི་དངུལ་ལོར་སྲིད་ཇུས་ཕན་ནུས་རིམ་བཞིན་གློད་གྲོལ་ཐེབས་བཞིན་ཡོད་ཅིང་། འཕེལ་རྒྱས་ཁོར་ཡུག་དང་འཕེལ་རྒྱས་རྣམ་པ་ལེགས་སུ་འགྲོ་བཞིན་ཡོད། ཞིང་ཆེན་འཕེལ་རྒྱས་ལ་གོ་སྐབས་མང་པོ་འཕྲད་ཡོད་པ་དང་། ཐོན་ལས་གྱི“གནས་བཞི”འཕེལ་ཕྱོགས་དབྱར་མཚོ་རྒྱས་པ་དང་འདྲ་ཞིང་། ལྗང་མདོག་རྩིས་ནུས་དང་གློག་ཤུགས་མཐུན་སྦྱོར་གྱི་རྗེས་ཐོན་དགེ་མཚན་ཉིན་བཞིན་མངོན་གསལ་དོད་པོར་འགྲོ་བཞིན་ཡོད། ང་ཚོས་གནས་བབ་ལ་རྩོད་སྒྲུབ་ཀྱིས་བལྟ་བ་དང་། འཕེལ་རྒྱས་ཀྱི་ཡིད་ཆེས་ངེས་པ་དོན་གྱིས་ཆེ་རུ་གཏོང་བ། དམངས་འདུན་ལྕགས་རི་བཞིན་བརྟན་པའི་སྒོ་ནས་ཡང་བསྐྱར་རི་རྩེར་འཛེག་པ། ལེགས་སྤེལ་སྲོལ་སྐྱེད་ཀྱིས་གནས་བབ་གསར་པ་འབྱེད་དེ། མཚོ་བོད་མགོ་སྒང་གི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་འཕེལ་འགྲོས་སྔར་ལས་ཆེ་བ་ལེན་དགོས་ཞེས་བསྟན།
ད་ལོའི་སྲིད་གཞུང་ལས་དོན་གྱི་སྤྱིའི་བླང་བྱ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་ནས། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་མཐའ་འཁྱོལ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཆད་ལྷག་མེད་པར་དངོས་འབེབས་བྱེད་པ། ཀྲུང་དབྱང་དཔལ་འབྱོར་ལས་དོན་ཚོགས་འདུའི་བཀོད་སྒྲིག་དངོས་འབེབས་ཟབ་མོ་བྱེད་པ། ཞིང་ཆེན་ཏང་ཨུ་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་བདུན་པ། བརྒྱད་པ་བཅས་ཀྱི་བླང་བྱ་ལྟར། ཆེ་ཤོས་གསུམ་གྱི་ཞིང་ཆེན་གནས་ཚུལ་ངེས་གནས་དང་སྔར་ལས་གལ་ཆེ་བ་གསུམ་གྱི་འཐབ་ཇུས་གོ་གནས་ལ་རྐང་བཙུགས་པ། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ལ་ཡང་དག་ཅིང་གནད་ལ་འཁེལ་བའི་སྒོ་ནས་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་གནས་སྟངས་གསར་པར་མྱུར་ཏུ་འདྲེས་བར་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ནན་མོ་གཏོང་བ། བཅོས་སྒྱུར་ཟབ་སྤེལ་དང་སྒོ་འབྱེད་རྒྱ་སྐྱེད་རྒྱུན་འཁྱོངས་བྱེད་པ། སྐྱེ་ཁམས་སྔོན་འགྲོ་དང་ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་པ། མི་རིགས་མཐུན་སྒྲིལ་དང་ཐུན་མོང་ཕྱུག་འགྱུར་རྒྱུན་འཁྱོངས་བྱེད་པ། ཡིད་ཆེས་བརྟན་པོ་དང་དངོས་སྒྲུབ་སྔོན་སྐྱོད་ལ་བརྩོན་པ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་བརྟན་པོར་རྩིག་པ། དཔལ་འབྱོར་རྒྱུན་མཐུད་ངང་སླར་གསོ་བཟང་འཕེལ་ཡོང་བར་སྐུལ་འདེད་གཏོང་བ། མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཟམ་མི་ཆད་པར་མཐོར་འདེགས་པ། སྤྱི་ཚོགས་འཆམ་མཐུན་བརྟན་ལྷིང་སྲུང་འཛིན་བྱེད་པ། ལོ་ལྔའི་འཆར་གཞི་བཅུ་བཞི་པའི་དམིགས་འབེན་ལས་འགན་སྤུས་ཚད་མཐོན་པོས་ལེགས་འགྲུབ་ཡོང་བར་བྱེད་པ། ལོ་ལྔའི་འཆར་གཞི་བཅོ་ལྔ་པའི་མགོ་ལེགས་པར་རྩོམ་པ་མངོན་འགྱུར་བྱེད་པར་རྨང་གཞི་བརྟན་པོ་བཏིངས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་སྟོབས་ཤུགས་ཡོད་རྒུས་བརྩམ་རྒྱུ་དེ་ཡིན།
ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་འབེན་གཙོ་བོ་ནི། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར4.5%ཡས་མས་འཕར་བར་བྱས་ནས་གྲུབ་འབྲས་སྔར་ལས་ལེགས་པ་བརྩོན་ལེན་བྱ་རྒྱུ། མཁར་གྲོང་གི་གསར་འཕར་ལས་ཞུགས་མི་ཁྲི6ཡན་ལ་བསླེབ་པར་བྱེད་པ་དང་། རོང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་སྤོ་སྒྱུར་ལས་ཞུགས་མི་ཐེངས་ཁྲི106ཡན་ལ་བསླེབ་པར་བྱས་ནས། མཁར་གྲོང་གི་བརྟག་དཔྱད་ལས་ཀ་ཤོར་ཚད5.5%ཡས་མས་ཚོད་འཛིན་བྱ་རྒྱུ། གྲོང་མིའི་འཛད་སྤྱོད་རིན་གོང་འཕར་ཚད2%ཡས་མས་ལ་བསླེབ་པར་བྱ་རྒྱུ། གྲོང་མིའི་ཡོང་འབབ་འཕར་བ་དང་དཔལ་འབྱོར་འཕར་བ་གཅིག་མཚུངས་སུ་གཏང་རྒྱུ། འབྲུ་རིགས་ཐོན་ཚད་བསྡོམས་འབོར་ཏུན་ཁྲི110ཡན་ལ་བསླེབ་པ་རྒྱུན་འཁྱོངས་བྱ་རྒྱུ། འབྲི་ཆུ་དང་རྨ་ཆུའི་ཆུ་ལག་གཙོ་བོ་དང་ཟླ་ཆུ་བཅས་ཞིང་ཆེན་ས་མཚམས་བརྒལ་བའི་བཅད་ངོས་ཀྱི་ཆུའི་སྤུས་ཚད་རིགསⅡཔའི་ཡན་ལ་བསླེབ་པར་རྒྱུན་འཁྱོངས་བྱེད་པ་དང་། མཁའ་དབུགས་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད96.3%ཡན་བསླེབ་པར་བྱ་རྒྱུ། “ལོ་ལྔའི་འཆར་གཞི་བཅུ་བཞི་པའི”རིང་གི་ནུས་ཁུངས་ཟད་གྲོན་བྱེད་ཚད་ཇེ་དམའ་རུ་གཏོང་བ་དང་སྦགས་བཙོག་དངོས་པོ་གཙོ་བོའི་སྤྱི་འབོར་བཙོག་གཏོང་ཉུང་གཏོང་གི་དམིགས་ཚད་ཕྱོགས་ཡོངས་ནས་ལེགས་སྒྲུབ་བྱ་རྒྱུ་བཅས་ཡིན།
ལུའོ་ཏུང་ཁྲོན་གྱིས། ད་ལོའི་ལས་དོན་ལེགས་པར་བསྒྲུབ་དགོས་ན། ངེས་པར་བརྟན་ཐོག་ཡར་འཕེལ་དང་ཡར་རྒྱས་ལ་བརྟེན་ནས་བརྟན་ལྷིང་ལ་སྐུལ་བ། བདེན་སྲུང་གསར་གཏོད། སྔོན་འཛུགས་རྗེས་གཏོར་བཅས་རྒྱུན་འཁྱོངས་བྱེད་པ་དང་། མ་ལག་འདུས་གྲུབ་དང་མཐུན་སྦྱོར་གཞོགས་འདེགས་བྱེད་པ། ནུས་ལྡན་ཁྲོམ་ར་དང་ཕན་ནུས་ལྡན་པའི་སྲིད་གཞུང་དང་། སྤྱིའི་མཁོ་སྤྲོད་དང་སྤྱིའི་དགོས་མཁོ། སྒུལ་ཤུགས་གསར་པ་གསོ་སྐྱོང་དང་སྒུལ་ཤུགས་རྙིང་པ་གསར་བསྒྱུར། འཕར་ཚད་ལེགས་གཏོང་དང་གསོག་ཚད་བསྐྱར་བཀོལ། སྤུས་ཚད་མཐོར་འདེགས་དང་སྤྱི་འབོར་ཆེ་རུ་གཏོང་བ་བཅས་ཀྱི་འབྲེལ་བར་སྤྱི་འདོམས་ལེགས་པོ་བྱེད་དགོས། དམིགས་འབེན་སྣེ་ཁྲིད་དང་། སྲིད་ཇུས་དོན་འཁྱོལ། མ་ལག་སྐུལ་སྤེལ། གོ་སྐབས་ཤུགས་ཚད། ཞན་ཆ་ཁ་གསབ་བཅས་ལ་སྔར་བས་མཐོང་ཆེན་བྱས་ཏེ། གཤམ་གྱི་ཕྱོགས་བདུན་གྱི་ལས་དོན་གཙོ་གནད་ཐོག་ལེགས་པར་འཛིན་དགོས། གཅིག་ནས་རབ་མཛེས་མཚོ་སྔོན་འཛུགས་སྐྲུན་ལ་དམིགས་པ་དང་། སྐྱེ་ཁམས་བྱེད་ནུས་ཆེ་ཤོས་མངོན་འགྱུར་ཡོང་བར་སྐུལ་འདེད་གཏོང་བ། སྐྱེ་ཁམས་དཔལ་ཡོན་ལམ་ལུགས་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བ། སྐྱེ་ཁམས་སྲུང་སྐྱོང་བཅོས་སྐྱོང་གི་གནས་སྟངས་ཆེན་པོ་བཙུགས་ཏེ། ཐཱན་རྩེར་སོན་དང་ཐཱན་སྙོམ་སྦྱོར་ཡོང་བར་བརྟན་ཞིང་གོ་རིམ་ལྡན་པར་སྐུལ་འདེད་གཏོང་དགོས། གཉིས་ནས་དགོས་མཁོ་རྒྱ་བསྐྱེད་རྒྱུར་དམིགས་པ་དང་། དཔལ་འབྱོར་རྒྱུན་མཐུད་ངང་ཡར་རྒྱས་ལེགས་འཕེལ་འགྲོ་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། འཛད་སྤྱོད་ཀྱི་གསོན་ཤུགས་སློང་བ། ནུས་ལྡན་མ་འཇོག་རྒྱ་བསྐྱེད་དེ། ཚོང་འགུག་དངུལ་འདྲེན་དམ་འཛིན་ཆེན་པོ་བྱེད་དགོས། གསུམ་ནས་ཐོན་ཁུངས་ཀྱི་རྒྱུ་རྐྱེན་གཙོ་བོ་གཅིག་སྡུད་བྱེད་པ་དང་། ཁྱད་ཆོས་དགེ་མཚན་ལྡན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་པ། ཚན་རྩལ་དང་ཐོན་ལས་མཉམ་འདྲེས་གསར་གཏོད་ལ་སྐུལ་འདེད་གཏོང་བ། ཐོན་ལས་གྱི“གནས་བཞི”མཉམ་སྐུལ་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ། ལྗང་མདོག་རྩིས་ནུས་དང་གློག་ཤུགས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། རྣམ་པར་གསར་པའི་བཟོ་ལས་ཅན་ཇེ་མགྱོགས་སུ་བཏང་སྟེ། སྤུས་ལེགས་ཕྱོད་མཐོ་ཡིན་པའི་དེང་རབས་ཞབས་ཞུའི་ལས་རིགས་ཀྱི་མ་ལག་གསར་པ་འཛུགས་དགོས། བཞི་ནས་བཅོས་སྒྱུར་བཅོས་ཟབ་སྤེལ་དང་སྒོ་འབྱེད་རྒྱ་བསྐྱེད་ལ་དམིགས་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་གསོན་ཤུགས་སྔར་ལས་སློང་བ། མཚོན་རྟགས་རང་བཞིན་གྱི་བཅོས་སྒྱུར་དངོས་འབེབས་ཕན་འབྲས་འབྱུང་བར་སྐུལ་འདེད་གཏོང་བ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་བསྐྱེད་དེ། ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་རྩེ་གྲ་གཏོད་དགོས། ལྔ་ནས་ཉེན་ཁ་སྔོན་འགོག་ཐག་གཅོད་ལ་དམིགས་པ་དང་། རྒྱུད་ཁོངས་རང་བཞིན་གྱི་ཉེན་ཁ་མི་འཐོན་པའི་མཐའ་ཐིག་བརྟན་སྲུང་ཐུབ་པར་བྱེད་པ། གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་ཕན་ནུས་ལྡན་པའི་སྔོན་འགོག་ཐག་གཅོད་བྱེད་པ། རྒྱལ་ཁབ་འཐབ་ཇུས་ཀྱི་དབུས་ཁུལ་འཛུགས་སྐྲུན་ལ་འདེགས་སྐྱོར་སྔར་བས་ལེགས་པ་བྱས་ཏེ། སྤྱི་པའི་བདེ་འཇགས་མ་ལག་གི་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། དྲུག་ནས་མཐུན་སྦྱོར་མཉམ་འགུལ་བྱེད་ཤུགས་ཆེ་རུ་གཏོང་བར་དམིགས་པ་དང་། མཁར་གྲོང་མཉམ་འདྲེས་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་བ། རྣམ་པ་གསར་པའི་མཁར་གྲོང་ཅན་གྱི་སྤུས་ཚད་དང་ཆུ་ཚད་མཐོ་རུ་བཏང་སྟེ། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་གཏོང་བར་སྤྱི་འདོམས་བྱེད་དགོས། བདུན་ནས་སྤུས་ལེགས་འཚོ་བ་གསར་གཏོད་བྱེད་པར་དམིགས་པ་དང་། ས་མཐོའི་དམངས་འཚོ་འགན་སྲུང་གི་མཚོ་སྔོན་གྱི་དཔེ་གཞི་སྐྲུན་པ། སྤུས་ཚད་མཐོ་བའི་ལས་ཞུགས་ཕུན་སུམ་ཚོགས་པ་ལ་སྐུལ་འདེད་གཏོང་བ། སློབ་གསོ་སྟོབས་ལྡན་ཞིང་ཆེན་འཐབ་ཇུས་ལག་བསྟར་བྱེད་པ། ཆུ་ཚད་མཐོ་བའི་བདེ་ཐང་མཚོ་སྔོན་འཛུགས་སྐྲུན་བྱེད་པ། སྤྱི་ཚོགས་འགན་སྲུང་དྲ་བ་ཚགས་དམ་པོར་འཛུགས་པ། མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བསྐྱེད་དགོས། ང་ཚོས་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་ལ་རྒྱབ་སྐྱོར་ཤུགས་ཆེན་བྱེད་པ་དང་། གཉིས་སྐྱོར་མཉམ་འཛུགས་ཟབ་མོར་སྤེལ་ཏེ། དམག་དམངས་ཀྱི་བརྩེ་བ་ཉ་དང་ཆུ་ཡི་ངང་ཚུལ་ལྟ་བུའི་དུས་རབས་གསར་པའི་ལེའུ་འབད་པ་ཆེན་པོས་མུ་མཐུད་བརྩམ་རྒྱུ་ཡིན་ཞེས་བསྟན།
ལུའོ་ཏུང་ཁྲོན་གྱིས། རྣམ་བབ་གསར་པ་དང་འགན་འཁྲི་གསར་པ། བླང་བྱ་གསར་པ་བཅས་ལ་གདོང་གཏད་པར། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་གཞུང་དང་ལས་བྱེད་མི་སྣས་ཆབ་སྲིད་ཁྲིད་སྟོན་རྒྱུན་འཁྱོངས་དང་ལས་སྒྲུབ་གཙོར་འཛིན། འགན་འཁྲིའི་ལྗིད་ཚད་ཤེས་ནས་ཕྲག་ལ་ལེན་པ་དང་འགན་འཁྲི་རྟོགས་ལག་ཏུ་ལེན་པ། མི་དམངས་ཡིད་ཚིམ་པའི་ཁྲིམས་སྐྱོང་སྲིད་གཞུང་དང་གསར་གཏོད་སྲིད་གཞུང་། སྤྱོད་གཙང་སྲིད་གཞུང་། ཞབས་ཞུ་རྣམ་པའི་སྲིད་གཞུང་མྱུར་ཏུ་འཛུགས་སྐྲུན་བྱེད་པ། སྔར་བས་ལངས་ཕྱོགས་མཐོན་པོས་བློ་དཀར་གཞུང་དྲང་བརྟན་པོར་གཏོང་བ། སྔར་བས་ཆུ་ཚད་མཐོན་པོས་ཁྲིམས་ལྟར་སྲིད་འཛིན་པ། སྔར་ལས་ཁུར་བཟོད་ཆེན་པོས་དམངས་དོན་དངོས་བསྒྲུབ་པ། སྔར་བས་བླང་བྱ་ནན་མོས་སྤྱོད་གཙང་གཞུང་ཞབས་བསྒྲུབ་པ་བཅས་བྱེད་དགོས་ཞེས་བསྟན།
ལུའོ་ཏུང་ཁྲོན་གྱིས་མཐའ་མཇུག དུས་རབས་གསར་པའི་མཚོ་སྔོན་གྱི་ལས་དོན་ལེགས་པོར་བསྒྲུབ་པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐུགས་ཁུར་ཟབ་མོ་དང་རེ་བ་ནན་མོས་བཏེགས་ཡོད་ལ། ཞིང་ཆེན་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་རེ་སྒུག་ཟབ་མོ་དང་ཕུགས་འདུན་བཟང་པོ་ཡང་བཅོལ་ཡོད། མི་རེ་རེ་མི་སྣ་གཙོ་བོ་ཡིན་པ་དང་། བློས་གཏོང་རེ་རེ་ནི་རིན་ཐང་ཆེན་པོ་ལྡན་ལ་འོད་ཟེར་རེ་རེ་ལ་འོད་སྟོང་བླ་མེད་འཚེར། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱས་ཤིང་། བཅོས་སྒྱུར་གསར་གཏོད་སྲོག་ཤིང་དུ་བྱས་པའི་དུས་རབས་ཀྱི་སྙིང་སྟོབས་དང་མདོ་དབུས་མཐོ་སྒང་གི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ་དང་། བློ་དཀར་གྱི་འདུན་པ་དང་དྲིན་གཟོ་བའི་འདུ་ཤེས། འགན་འཁུར་བའི་བྱ་སྤྱོད་བཅས་ལ་བརྟེན་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་ལེའུ་འབད་པ་ཆེན་པོས་རྩོམ་དགོས་ཞེས་ནན་གྱིས་བསྟན།
ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་དང་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ། ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡི་ཁོངས་མི། མཚོ་སྔོན་དུ་བཅའ་སྡོད་བྱས་པའི་འབྲེལ་ཡོད་དམག་དཔུང་རིམ་པའི་དཔུང་སྡེ་དང་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་། དྲག་ཆས་ཉེན་རྟོག་མཚོ་སྔོན་སྤྱི་ཁྱབ་རུ་ཁག་བཅས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཁོངས་མི་བཅས་ཚོགས་ཆེན་ལ་ཞུགས་པ་དང་ཟུར་ཞུགས་བྱས་པ་མ་ཟད་ཀྲུའུ་ཞིའི་སྟེགས་བུའི་སྟེང་བཞུགས་ཡོད།
རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ནམ་མི་རིགས་དང་ཆོས་ལུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་རྡོ་རྗེ་རབ་བརྟན་དང་། ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་གདན་ཞུས་ལྟར་ཚོགས་ཆེན་དུ་ཞུགས་པར་མ་ཟད་ཀྲུའུ་ཞིའི་སྟེགས་བུའི་སྟེང་བཞུགས།
ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པར་ཞུགས་པའི་ཨུ་ཡོན་དང་། ཞིང་ཆེན་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན། ཚོགས་ཆེན་གྱི་དྲུང་ཡིག་ཆེན་མོ་གཞོན་པ། ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་ལས་ཁུངས་ཁག་གི་འགན་འཁུར་བློ་མཐུན། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་ཞིང་ཆེན་དམངས་ཆེན་ལས་ཁུངས་སུ་བཅའ་སྡོད་བྱེད་པའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཚོ་ཆུང་གི་ཚན་གཙོ། ཞིང་ཆེན་སྲིད་གཞུང་གི་སྡེ་ཁག་དང་ཐད་གཏོགས་ལས་ཁུངས། མངགས་གཏོང་ལས་ཁུངས་བཅས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ། ཞིང་ཆེན་ལྟ་སྐུལ་ཨུ་ལྷན་དང་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན། འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་པ། ཞིང་ཆེན་དམངས་ཆེན་གྱི་འཐུས་མི་མིན་པའི་མཚོ་སྔོན་དུ་ཡོད་པའི་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་འཐུས་མི་དང་རྫོང་རིམ་པའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགན་འཁུར་བློ་མཐུན་གཙོ་བོ་ཚོགས་ཆེན་ལ་ཟུར་ཞུགས་བྱས། །