ཀྲུང་གོ་བོད་ཀྱི་དྲ་བ།

མགོན་པོ་བཀྲ་ཤིས་ཀོས་ནན་རྫོང་དུ་སོང་ནས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོའི་བྱ་བར་སྐུལ་འདེད་གཏོང་བར་མཛུབ་སྟོན་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རྡོ་རྗེ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2024-05-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས8ནས་ཚེས9ཉིན་བར་མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཧྲུའུ་ཅིའམ་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀོས་ནན་རྫོང་དུ་སོང་སྟེ་ཡུལ་དངོས་ནས་མཉམ་འབྲེལ་ས་ཁུལ་གྱི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོའི་ལས་དོན་ལ་ལྟ་སྐུལ་མཛུབ་སྟོན་བྱས།  ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པའམ་མཚོ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་ལུའི་ཀང་མཛུབ་སྟོན་ལ་ཞུགས།

མགོན་པོ་བཀྲ་ཤིས་ཀོས་ནན་རྫོང་ཨུའི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོའི་ལས་དོན་གྱི་ཆེད་དོན་འཛིན་གྲྭའི་གཞུང་ལས་ཁང་དུ་སོང་ནས་འབྲེལ་ཡོད་དཔྱད་གཞིའི་ཡིག་ཆར་ལྟ་ཞིབ་ནན་མོ་བྱས་རྗེས་བཞུགས་མོལ་ཚོགས་འདུ་བསྡུས་ནས་རྫོང་དེས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོ། ཏང་འཛུགས་སྐྱོང་གི་ལས་དོན་སྤེལ་ཚུལ་གྱི་སྙན་ཞུ་ལ་ཉན་པ་མ་ཟད་ལས་བྱེད་པ་དང་བསམ་བློ་བརྗེ་རེས་གཏིང་ཟབ་བྱས། མགོན་པོ་བཀྲ་ཤིས་ཀྱིས་ཀོས་ནན་རྫོང་ཨུས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱས་ཏེ་ཀོས་ནན་རྫོང་གི་དོན་དངོས་དང་ཟུང་འབྲེལ་དམ་པོ་བྱས་ནས། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོ་ཁྱོན་ཡོངས་ནས་མགོ་རྩོམ་པ་དང་། གཅིག་གྱུར་འཆར་འགོད་དང་མཉམ་འགུལ་བྱེད་པ། ཏན་ཏིག་གིས་སྐུལ་འདེད་བཏང་པ་བཅས་ཀྱི་ཐོག་ནས་ཚད་གཞི་མཐོ་ཞིང་བྱ་སྤྱོད་མགྱོགས་པ། བླང་བྱ་ནན་མོ་བཅས་ཀྱི་ཁྱད་ཆོས་དང་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་བླངས་ཡོད་པ་མཚོན་ཡོད་ཟེར། 

མགོན་པོ་བཀྲ་ཤིས་ཀྱིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོའི་ལས་དོན་སྤེལ་བ་ནི་ཏང་ཀྲུང་དབྱང་གི་བཀོད་སྒྲིག་འགངས་ཆེན་ཞིག་ཡིན་པ་དང་། རིམ་པ་སོ་སོའི་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པའི་མིག་སྔའི་ཆབ་སྲིད་ཀྱི་འགན་ཁུར་ཡིན་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྐོར་གྱི་རྒྱས་བཤད་དང་མཆན་འགོད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་།  ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ལས་ཀའི་བླང་བྱ་མཐའ་གཅིག་ཏུ་ལག་ལེན་མཐར་ཕྱིན་བྱེད་པ། སློབ་སྦྱོང་དང་སློབ་གསོར་དམིགས་ཏེ་རྒྱུན་དུ་སློབ་སྦྱོང་ནན་མོ་བྱས་ནས་བྱང་ཆུད་པར་འབད་པ་བྱེད་དགོས་ལ། ལས་ཀའི་གཙོ་གནད་འབུར་དུ་བཏོད་ཅིང་སློབ་ཟིན་པ་བཀོལ་ཐུབ་པ་དང་། སློབ་སྦྱོང་ལ་བརྟེན་ནས་ཡར་སྐུལ་གཏོང་བའི་ཐད་ཧུར་ཐག་བྱེད་དགོས། དག་ཐེར་ལེགས་བཅོས་ལག་ཏུ་བསྟར་བར་འབུར་དུ་བཏོད་དེ་ཧུར་ཐག་གིས་གནད་དོན་ཐག་གཅོད་དགོས། བྱ་བའི་སྟེང་འབད་པ་བྱེད་པར་སྐུལ་འདེད་བཏང་སྟེ་སྒྲིག་ཁྲིམས་འདུ་ཤེས་ཇེ་དྲག་ཏུ་གཏོང་པ་དང་ཧུར་ཐག་གིས་མཐའ་མཚམས་སྲུང་བར་འབད་པ་བྱེད་དགོས་ལ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོའི་གྲུབ་འབྲས་དེ་རྒྱུན་ཆད་མེད་པར་ལས་སྒྲུབ་གསར་གཏོད་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཉམས་པ་མེད་པའི་སྟོབས་ཤུགས་སུ་བསྒྱུར་དགོས། ཐེངས་འདིར་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོའི་ལས་དོན་སྤེལ་བ་གོ་སྐབས་སུ་བཟུང་ནས་ཏང་ཡོན་ལས་བྱེད་པར་སྐྲག་ས་འཇིགས་ས་ཡོད་པ་དང་། རང་ཚོད་ཟིན་ཤེས་པ། རང་འགུལ་ངང་ཏང་གི་སྒྲིག་ལམ་དང་ཏང་གི་སྒྲིག་ལམ་ལ་བརྟེན་ནས་བསམ་བློ་དང་བྱ་སྤྱོད་དག་བཅོས་བྱས་ཏེ། རང་གཅུན་ནན་མོ་དང་འགན་འཁྲི་ནན་མོ། དོ་དམ་ནན་མོ་བཅས་བྱས་ནས་འགན་འཁྲི་དང་ལས་སྒྲུབ་བྱ་གཞག་གི་སྟོབས་ཤུགས་ཆེན་པོ་རྒྱུན་ཆད་མེད་པར་བསགས་པ། སྟོབས་ཤུགས་གཅིག་སྒྲིལ་གྱིས“ལས་བྱེད་པས་སྒྲུབ་དགོས་པ་དང་། རིག་ལམ་གསལ་དགོས་པ། རང་གཅུན་ནན་དགོས་པ”བཅས་ཀྱི་རྣམ་པ་བཟང་པོ་ཞིག་བསྐྲུན་ནས།  སྤྱོད་གཙང་སྲིད་དྭངས་བྱེད་པ་རྩ་བར་འཛིན་པ། སྒྲིག་སྲུང་གཟི་བརྗིད་དུ་འཛིན་པའི་དར་སྲོལ་གསར་པ་ཆགས་པར་བྱས་ཏེ་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་འགན་སྲུང་བརྟན་པོ་ཞིག་མཁོ་འདོན་བྱ་དགོས་ཞེས་ནན་གྱིས་བསྟན།  །

 
རྩོམ་སྒྲིག་པ། : རྡོ་རྗེ་སྐྱིད།