ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་རང་སའི་ཁེ་ལས50ལྷག2024ལོའི་ཀྲུང་གོའི་ཟོང་རྟགས་ཉིན་མོའི་བྱེད་སྒོར་ཞུགས་རྒྱུ་རེད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2024-05-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས8ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་ནས་ཤེས་གསལ་ལྟར་ན། ཟླ5པའི་ཚེས10ཉིན་ནས་ཚེས14ཉིན་བར། 2024ལོའི་ཀྲུང་གོའི་ཟོང་རྟགས་ཉིན་མོའི་བྱེད་སྒོ་རབ་དང་རིམ་པ་ཧྲང་ཧའེ་ནས་སྤེལ་རྒྱུ་རེད། ཐེངས་འདིའི་ཀྲུང་གོའི་ཟོང་རྟགས་ཉིན་མོའི་བྱེད་སྒོ་རབ་དང་རིམ་པ་ནི་དྲ་ལམ་དང་ཡུལ་དངོས་ཟུང་འབྲེལ་གྱི་རྣམ་པ་བརྒྱུད་ནས་སྤེལ་རྒྱུ་ཡིན་པ་དང་། རང་ཞིང་གིས་ཁེ་ལས9ཡུལ་དངོས་བྱེད་སྒོར་ཞུགས་རྒྱུ་དང་། ཁེ་ལས45དྲ་ལམ་བྱེད་སྒོར་ཞུགས་རྒྱུར་རྩ་འཛུགས་བྱ་རྒྱུ་རེད། དེ་དག་ནི་ཞིང་ལས་དང་བཟོ་སྐྲུན་ལས་རིགས། ཞབས་ཞུ་ལས་རིགས། རིག་གནས་ཡུལ་སྐོར་ལས་རིགས། འཛད་སྤྱོད་ལས་རིགས་བཅས་ལ་ཁྱབ་ཡོད། དེའི་ཁྲོད། ནུབ་རྒྱུད་གཏེར་ལས་སྡེ་ཚོགས་ཚད་ཡོད་ཀུང་ཟི་ནི་རང་ཞིང་གི་ཁེ་ལས་འགྲེམ་ཁུལ་ལ་ཞུགས་པའི་ཁེ་ལས་གཅིག་པུ་ཡིན་པ་དང་། མཚོ་སྔོན5369སྐྱེ་ཁམས་ཕྱུགས་ལས་ཚན་རྩལ་ཚད་ཡོད་ཀུང་ཟི་དང་མཚོ་སྔོན་ནུབ་གླང་ཆུང་བ་སྐྱེ་དངོས་འོ་ལས་མ་རྐང་ཚད་ཡོད་ཀུང་ཟི་སོགས་ཁེ་ལས8ཟོང་རྟགས་མཛེས་སྡུག་ཁྲོམ་འདུས་སུ་ཞུགས་རྒྱུ་རེད། འགྲེམ་སྟོན་ལ་ཞུགས་པའི་ཁེ་ལས་ཀྱིས་ཀྲུང་གོའི་ཟོང་རྟགས་ཉིན་མོའི་སྟེགས་བུ་ལ་བརྟེན་ནས། འཛམ་གླིང་ལ་མཚོ་སྔོན་རྟགས་ཅན་གྱི་ཐོན་རྫས་ཀྱི་མཛེས་སྡུག་ངོམ་རྒྱུ་རེད།

ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་གྱིས་ཟོང་རྟགས་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་ཟོང་རྟགས་དྲིལ་སྒྲོག་རྒྱ་སྐྱེད་པ། མཛུབ་སྟོན་ཞབས་ཞུ་ལེགས་པར་སྒྲུབ་པ་བཅས་བྱས་ནས། ཟོང་རྟགས་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་ཤུགས་བསྣན། 《མཚོ་སྔོན་ཞིང་ཆེན་ཟོང་རྟགས་འཛུགས་སྐྲུན་ལས་དོན་དབུ་འབྲེལ་ཚོགས་འདུའི་ལམ་ལུགས》བཙུགས་པ་དང་། མཚོ་སྔོན་ཞིང་ཆེན་ཟོང་རྟགས་འཛུགས་སྐྲུན་འཕེལ་རྒྱས་ལག་བསྟར་ཇུས་གཞི་གཏན་འབེབས་དཔར་འགྲེམ་བྱས་པ། མཚོ་སྔོན་ཞིང་ཆེན་ཟོང་རྟགས་འཛུགས་སྐྲུན་ཆེད་མཁས་པའི་མཛོད་སྒྲིག་འཛུགས་བྱས་པ། དུས་གཏན་འཁེལ་སྒོས་ཆེད་དོན་ཚོགས་འདུ་འཚོག་པར་རྩ་འཛུགས་བྱས་ནས། ཟོང་རྟགས་འཛུགས་སྐྲུན་ལས་དོན་ལ་ཞིབ་འཇུག་སྐུལ་འདེད་བཏང་། ཁེ་ལས་ཀྱི་ཟོང་རྟགས་དྲིལ་སྒྲོག་སྟེགས་བུ་བཙུགས་པ་དང་། འགྲེམ་ཚོགས་རིགས་སྣ་ཚོགས་ལ་འབད་པས་ཞུགས་པ། མཚོ་སྔོན་རྟགས་ཅན་གྱི་ཐོན་རྫས་ཀྲུང་དབྱང་བརྙན་འཕྲིན་ཁང་སོགས་གཙོ་རྒྱུག་སྨྱན་བྱད་དུ་རྒྱ་ཁྱབ་ཏུ་བསྒྲགས་ནས། རབ་མཛེས་མཚོ་སྔོན་གྱི་ཟོང་རྟགས་ཤུགས་རྐྱེན་མངོན་སུམ་གྱིས་མཐོར་བཏེགས། ཞིང་ཆེན་ཡོངས་ཀྱི་ཚོང་རྟགས་ཟོང་རྟགས་མཛུབ་སྟོན་ས་ཚིགས30བཙུགས་ཏེ། ཚོང་རྟགས་ཟོང་རྟགས་མཛུབ་སྟོན་དང་འདྲི་རྟོག་ཞབས་ཞུ་སྟོང་ལྷག་སྤེལ།

མཚོ་སྔོན་ཞིང་ཆེན་ཟོང་རྟགས་ཁེ་ལས་མུ་མཐུད་དུ་བྱུང་བ་དང་། ཁྱད་ལྡན་དགེ་མཚན་ལྡན་པའི་ཁེ་ལས་ཀྱི་འགྲན་རྩོད་ནུས་པ་མུ་མཐུད་དུ་ཇེ་དྲག་ཏུ་ཕྱིན་པ། ཟོང་རྟགས་འཛུགས་སྐྲུན་གྱི་བག་ནུས་དང་གོ་སྐབས་མུ་མཐུད་དུ་མངོན་གསལ་དུ་གྱུར། ཞིང་ཆེན་ཡོངས་ཀྱི་ཟོང་རྟགས་གྲངས་ཀ་མུ་མཐུད་དུ་ཇེ་མང་དུ་སོང་བ་དང་། 2023ལོའི་ལོ་མཇུག་བར། ཞིང་ཆེན་ཡོངས་སུ་ཐོ་འགོད་བྱས་པའི་ཚོང་རྟགས་སྡོམ་རྩིས་ལྟར་ན་ཁྲི7.677ལ་སླེབས་པ་དང་། ཀྲུང་གོའི་གྲགས་ཅན་ཚོང་རྟགས48ཡོད། རྒྱལ་ཁབ་ས་ཁམས་མཚོན་རྟགས་བེད་སྤྱོད་ཆོག་པའི་ཁེ་ལས66ཡོད་པ་དང་། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་དང་བསྡུར་ན་ལྡབ་གཅིག་འཕར་ཡོད། ཟོང་རྟགས་ཀྱི་སྟོབས་ཤུགས་མངོན་སུམ་དུ་ཇེ་དྲག་ཏུ་ཕྱིན་པ་དང་། མཚོ་སྔོན་ཞིང་ཆེན་གུང་ཧོ་རྫོང་ཚལ་རྔ་འགག་གི་ཉ་སལ་མོན་ཀྲུང་གོའི་ཁྱད་ལྡན་ཞིང་ལས་ཐོན་རྫས་དགེ་མཚན་ཁུལ་དུ་བདམས་ནས། ཀྲུང་གོས་ཡོ་རོབ་ལ་ཕྱིར་གཏོང་བྱས་ཆོག་པའི་ཉ་སལ་མོན་གཅིག་པུར་གྱུར། རེབ་གོང་སྒྱུ་རྩལ་གྱི་ས་ཁམས་མཚོན་རྟགས་སྲུང་སྐྱོང་ཐོན་རྫས་མཚོན་རྟགས་བེད་སྤྱོད་ལ་ཐོད་བརྒལ་མངོན་འགྱུར་བྱུང་། ། 

 
རྩོམ་སྒྲིག་པ། : གསང་བདག་རྒྱལ།