ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་གྱིས་ཚད་ལྡན་མིན་པའི་ས་མིང1000ལྷག་གཙང་བཤེར་བཅོས་སྒྲིག་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2024-05-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན་ནས་འབྱོར་བའི་གནས་ཚུལ་ལྟར་ན། ཆེད་དོན་བཅོས་སྐྱོང་བྱ་འགུལ་སྤེལ་བ་བརྒྱུད་རང་ཞིང་གིས་རྒྱལ་ཁབ་ཀྱི་ས་མིང་ཆ་འཕྲིན་མཛོད་ནང་དུ་སྲིད་འཛིན་ས་ཁོངས་ཀྱི་དབྱེ་བ་དང་། ཁྲོམ་གཞུང་སྲང་ལམ། རང་བྱུང་དངོས་ཚན་སོགས་ས་མིང་ཚད་ལྡན་མིན་པ་དང་ཡང་དག་མིན་པ་སོགས་ཀྱི་གནད་དོན་ལ་དམིགས་ཏེ། དུས་ཚོད་ངེས་ཅན་ཞིག་བེད་སྤྱད་པ་དང་སྟོབས་ཤུགས་གཅིག་སྒྲིལ་གྱིས་ཞིང་ཆེན་ཡོངས་ཀྱི་ས་མིང་ཞིབ་བཤེར་གསར་བརྗེས་དང་། ཆད་ལུས་གསབ་བ། གཙང་བཤེར་བཅོས་སྒྲིག་བཅས་བྱས་ནས་བསྡོམས་པས་ས་མིང་གི་ཐ་སྙད་ཁྲི12ལྷག་བཟོ་བཅོས་བྱས་ནས། ཚད་ལྡན་མིན་པའི་ས་མིང1000ལྷག་གཙང་བཤེར་བཅོས་སྒྲིག་བྱས་པ་དང་། ས་མིང་ཆ་འཕྲིན་གྱི་གྲངས་གཞི་རྒྱུན་རྣམ་ཅན་གྱི་གསར་བརྗེས་སྲུང་སྐྱོང་དང་སྤུས་ཚད་མཐོ་རུ་གཏོང་བར་སྐུལ་འདེད་བཏང་། 

“ང་ཚོས‘དམངས་སྲིད་ཀྱིས་སྣེ་ཁྲིད་དང་སྡེ་ཁག་བར་གྱི་མཐུན་སྦྱོར་མཉམ་ལས་བྱེད་པའི’ས་མིང་དོ་དམ་ལས་དོན་ལམ་ལུགས་ལ་བརྟེན་ནས། ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིན་དང་ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན་དང་མཉམ་དུ་སྡོད་ཁང་ཁུལ་གྱི་ཐོག་ཁང་གི་ས་མིང་དོ་དམ་ལས་དོན་ཚད་ལྡན་དུ་གཏོང་བའི་སྐོར་གྱི་སྲིད་ཇུས་ཡིག་ཆ་འགྲེམ་སྤེལ་བྱས་ཏེ། སྡེ་ཁག་སོ་སོའི་འགན་འཁྲི་ལས་བགོས་ཁ་གསལ་བཏོན་པ་དང་། ཞིང་ཆེན་ཡོངས་ཀྱི་སྡོད་ཁང་ཁུལ་དང་ཐོག་ཁང་གི་ས་མིང་དོ་དམ་ལས་དོན་ལ་ཚད་གཞི་ཞིབ་ཕྲ་བཏོན་ཏེ། ས་མིང་དོ་དམ་ལས་དོན་དེ‘རྗེས་མ་དོ་དམ’ནས‘སྔོན་དུ་ཞབས་ཞུ’སྒྲུབ་པར་འོས་འཚམ་གྱིས་བསྒྱུར་ནས། ཕན་འབྲས་ཡོད་པའི་སྒོ་ནས་ཚད་ལྡན་མིན་པའི་ས་མིང་གསར་པ་ཐོན་པ་མི་ཡོང་བ་བྱ་རྒྱུ་ཡིན”ཞེས་ཞིང་ཆེན་དམངས་སྲིད་ཐིང་ས་ཁོངས་དབྱེ་འབྱེད་ས་མིང་ཁྲུའུ་ཡི་འགན་འཁུར་པས་དེའི་ལྟར་ངོ་སྤྲོད་བྱས།   

ཞིང་ཆེན་དམངས་སྲིད་ཐིན་གྱིས“གྲོང་གསེབ་ཀྱི་བྱ་འགུལ་གྲགས་ཅན”ནན་ཏན་སྒོས་སྤེལ་ནས། གྲོང་གསེབ་ཀྱི་ས་མིང200ལྷག་དང་། གྲོང་གསེབ་ཀྱི་འགྲོ་ལམ30ལྷག ཞིང་ལས་སྤྲོ་ཁྱིམ་དང་ཡུལ་སྐོར་མཛེས་ལྗོངས་སོགས་སྤྲོ་སྣང་བྱེད་ས240ལྷག་ལ་མིང་བཏགས་པ་སོགས(མིང་བསྒྱུར)ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་ས་ཁུལ་གྱི་ས་མིང་ཆ་འཕྲིན་གནད་ལ་འཁེལ་ཡོད། ཟི་ལིང་གྲོང་ཁྱེར་གྱི་ཧོང་ཀྲུང་ཆུས་ནས“གྲོང་གསེབ་ཀྱི་ས་མིང་ཞབས་ཞུ་གཏིང་ཟབ་ཏུ་བཏང་ནས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྲུན་པ”ཞེས་པའི་ཚོད་ལྟའི་ལས་དོན་སྤེལ་བར་མཛུབ་ཁྲིད་བྱས་ཏེ། ཧོང་ཀྲུང་ཆུས་ཀྱི་སྡེ་བ380ཡི་དུད་ཚང་ཁྲི10.8ཡི་ས་མིང་ཁྱོན་ཡོངས་ནས་ཚད་ལྡན་དུ་བཀོད་སྒྲིག་བྱས་པ་མ་ཟད། ཞིང་དུད་ཀྱི་ས་གནས་ཆ་འཕྲིན་བསྐྱར་དུ་ཞིབ་བསྡུར་བྱས་པར་རྨང་གཞིར་བྱས་ཏེ། སྲིད་འཛིན་སྡེ་བའི་ཁྱིམ་དུད་ཁྱབ་ཚུལ་གྱི་དཔེ་རིས་ཞིབ་ཕྲ་བཟོས་ནས“མྱུར་སྐྱེལ་དངོས་ཟོག་སྡེ་བ་ནང་སྐྱེལ་དཀའ་བ་དང་། ཁྱིམ་ཚང་ནང་དུ་འགྲོ་དཀའ་བ”སོགས་མང་ཚོགས་ལ་ཞབས་འདེགས་ཞུ་བའི“མཇུག་མཐའི་ལེ་དབར་གཅིག”གི་གནད་དོན་ཕན་འབྲས་ཡོད་པའི་སྒོ་ནས་སེལ་ཐུབ་པར་མངོན་འགྱུར་བྱུང་ནས། མཚོ་སྔོན་ཞིང་ཆེན་གྱི་གནས་ཚུལ་དངོས་དང་མཐུན་པའི་གྲོང་གསེབ་ས་ཁུལ་གྱི་ས་མིང་དོ་དམ་བྱེད་སྟངས་འཚོལ་ཞིབ་བྱ་རྒྱུར་རྨང་གཞི་བཏིང་།  །  

 
རྩོམ་སྒྲིག་པ། : 才让尖措