ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་སྤྱི་བདེ་ཡིས་འབྲིང་རྒྱུགས་དང་མཐོ་རྒྱུགས་ལ་ཞུགས་པའི་སློབ་མར་གྲོང་མིའི་ཐོབ་ཐང་ལག་ཁྱེར་བཟོ་བར“ལྗང་མདོག་བགྲོད་ལམ”བཏོད་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རྡོ་རྗེ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2024-05-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2024ལོའི་མཐོ་རྒྱུགས་དང་འབྲིང་རྒྱུགས་ཐོན་ལ་ཉེ་པས། རྒྱ་ཆེའི་སློབ་བུ་རྣམས་ལ་སྔར་བས་ཞབས་འདེགས་ལེགས་པོ་ཞུས་ཏེ་སློབ་མ་རྣམས་རྒྱུགས་ལེན་ཁྲོད་བདེ་བླག་ངང་ཞུགས་ཐུབ་པར་གཡས་སྐྱོར་གཡོན་འདེགས་བྱ་ཆེད།  མཚོ་སྔོན་སྤྱི་བདེ་ཡིས་ལས་ཀའི་དོན་དངོས་ལ་གཞིགས་ནས་མི་དམངས་མང་ཚོགས་ཀྱི“བྲེལ་དཀའ་འཕྲལ་སྒུག”ལ་རྐང་བཙུགས་ཏེ།  ཟླ5པའི་ཚེས7ཉིན་ནས་འབྲིང་རྒྱུགས་དང་མཐོ་རྒྱུགས་མཇུག་འགྲིལ་བར་རྒྱུགས་སྤྲོད་སློབ་མའི་ཐོབ་ཐང་ལག་ཁྱེར་བཟོ་བར“ལྗང་མདོག་བགྲོད་ལམ”ཁྱོན་ཡོངས་ནས་ཤར་གཏོང་བྱས།  

རྒྱུགས་སྤྲོད་སློབ་མའི་ལག་ཁྱེར་དཔང་ཡིག་སྒྲུབ་པའི་དགོས་མཁོ་ལེགས་པོར་སྐོང་ཆེད་ཞིང་ཆེན་ཡོངས་ཀྱི་གྲོང་མིའི་ཐོབ་ཐང་ལག་ཁྱེར་སྒྲུབ་པའི་ཚོམས་ཆེན་དང་།  བདག་སྤྲོད་སྒེའུ་ཁུང་སོ་སོས་ཞབས་ཞུའི་བརྒྱུད་རིམ་སྔར་བས་ཇེ་ལེགས་སུ་བཏང་ནས་ལས་ཕྱོད་ཆེ་རུ་བཏང་པ་དང་།  འབྲིང་རྒྱུགས་དང་མཐོ་རྒྱུགས་ལ་ཞུགས་པའི་སློབ་མའི་ཐོབ་ཐང་ལག་ཁྱེར་གྱི་ལས་སྒོ་བདག་སྤྲོད་ཆེད་སྤྱོད་སྒེའུ་ཁུང་བཙུགས་ནས། ཁ་ཆད་དང་། དུས་ཚོད་ནར་འགྱངས། དུས་བགོ་སོགས་ཞབས་ཞུའི་བྱ་ཐབས་སྣ་ཚོགས་སྤྱད་དེ་སྔོན་ལ་བདག་སྤྲོད་བྱེད་པ་དང་དུས་ཐོག་ཏུ་ལག་འཁྱེར་སྤྲོད་རྒྱུ་རེད། ལས་སྒྲུབ་ཚོམས་ཆེན་གྱི་ལག་ཁྱེར་བཟོ་བའི་ལྟེ་གནས་ཀྱིས་ཡིག་རྒྱུགས་འཕྲལ་བསྟུན་ཐོན་སྐྱེད་ལམ་སྲོལ་ལག་བསྟར་བྱས་པ་དང་།  ལས་སྒྲུབ་དང་ངལ་གསོ་དུས་ཚོད་ལེགས་སྒྲིག་དང་ལས་ཀའི་དུས་ཡུན་ཇེ་རིང་དུ་བཏང་སྟེ་ས་གནས་སོ་སོས་ཕུལ་བའི་གྲོང་མིའི་ཐོབ་ཐང་ལག་ཁྱེར་རེ་ཞུའི་ཆ་འཕྲིན་འབྱོར་རྗེས། རྒྱུགས་སྤྲོད་སློབ་མའི་ཐོབ་ཐང་ལག་ཁྱེར་བཟོ་བའི་གཞི་གྲངས་ཚང་མ་སྔོན་ལ་བཀོད་གཏོང་དང་སྔོན་ལ་བཟོ་བ། སྔོན་ལ་སྤྲོད་རྒྱུ་བཅས་རེད།   ལག་ཁྱེར་དགོས་མཁོ་ཧ་ཅང་ཆེ་བའི་རྒྱུགས་སྤྲོད་སློབ་མར་མངགས་གཏོང་ཁང་དང་ལག་ཁྱེར་བཟོ་བའི་ལྟེ་གནས་ཀྱིས་འདྲི་རྩད་བྱས་ནས་ཁ་ཆད་བྱས་རྗེས(ཁ་ཆད་ཁ་པར་ཨང་གྲངས། 0971-8292139དང 0971-8292131)རྒྱུགས་སྤྲོད་སློབ་མ་རང་ཉིད་དམ་ཡང་ན་མི་གཞན་ལ་མངགས་བཅོལ་བྱས་ནས་ཐོབ་ཐང་ལག་ཁྱེར་ལེན་པའི་ལག་ཁྱེར་འཁྱེར་ནས་ལས་སྒྲུབ་ཚོམས་ཆེན་གྱི་ཐོབ་ཐང་ལག་ཁྱེར་བཟོ་བའི་ལྟེ་གནས(ཟི་ལིང་གྲོང་ཁྱེར་མཁར་དབུས་ཁུལ་རིག་གནས་ཁྲོམ་སྲང་ཨང22པ)སུ་ཐད་ཀར་ལེན་ཆོག  ས་གནས་སོ་སོའི་སྤྱི་བདེ་ལས་ཁུངས་ཀྱིས་རྒྱུགས་སྤྲོད་སློབ་མའི་གྲངས་འབོར་དང་ཁྱབ་ཚུལ་ལ་གཞིགས་ནས། འབྲིང་རྒྱུགས་དང་མཐོ་རྒྱུགས་ལེན་སྐབས་སུ་ཚན་རིག་དང་མཐུན་པའི་སྒོ་ནས“གནས་སྐབས་ཀྱི་ཐོབ་ཐང་དཔང་ཡིག་བཟོ་སའི་ཞབས་ཞུ་ས་ཚིགས”བཙུགས་ཏེ་ཞབས་ཞུའི་ལས་དོན་ཡག་པོ་སྒྲུབ་པར་རྒྱབ་སྐྱོར་ནུས་ལྡན་བྱ་རྒྱུ་རེད། 

       མཚོ་སྔོན་སྤྱི་བདེ་ཡིས་མཐོ་རྒྱུགས་དང་འབྲིང་རྒྱུགས་ཐོན་ལ་ཉེ་པས་རྒྱ་ཆེའི་སློབ་བུ་རྣམས་ཀྱིས་རང་ཉིད་ཀྱི་ཐོབ་ཐང་ལག་ཁྱེར་བོར་བརླག་བྱུང་ཡོད་མེད་དང་ཡང་ན་དུས་ཚོད་བདའ་ཡོད་མེད་ལ་སྔ་མོ་ནས་ཞིབ་བཤེར་བྱེད་དགོས་པ་མ་ཟད།  དུས་ཐོག་ཏུ་སྤྱི་བདེ་ལས་ཁུངས་ལ་སོང་ནས་ཐོབ་ཐང་ལག་འཁྱེར་བཟོ་དགོས།  སྤྱི་བདེ་ལས་ཁུངས་ཀྱིས་ལག་ཁྱེར་སྒྲུབ་པའི་ཞབས་ཞུ་སྔར་བས་སྟབས་བདེ་མཁོ་འདོན་བྱ་ངེས་ཡིན་ཞེས་དྲན་སྐུལ་བྱས། །

 
རྩོམ་སྒྲིག་པ། : རྡོ་རྗེ་སྐྱིད།