ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་གྱིས་རོང་འབྲོག་པའི་ཆེད་དོན་གསོ་སྦྱོང་ཞབས་ཞུ་སྤེལ་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རྡོ་རྗེ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2024-05-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། འབྲུ་རིགས་བདེ་འཇགས་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་རོང་འབྲོག་པའི་ནུས་རྩལ་དང་བྱང་ཚད་ཆེ་རུ་གཏོང་བ། ནུས་པ་ཆེ་རུ་གཏོང་བ་བཅས་ལ་སྐུལ་འདེད་གཏོང་ཆེད། ད་ལོའི་དཔྱིད་ཀར་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ས་གནས་ཁག་གིས་ལག་རྩལ་ཆེད་མཁས་པ་ཧུར་ཐག་གིས་རྩ་འཛུགས་བྱས་ནས་སྡེ་བ་དང་ཁྱིམ་ཚང་དུ་སོང་ནས་གསོ་སྦྱོང་ཞབས་ཞུ་བསྒྲུབས། བྱང་ཚད་མཐོ་བའི་རོང་འབྲོག་པའི་གསོ་སྐྱོང་རྣམ་གྲངས་ལ་བརྟེན་ནས་གཞི་ཁྱོན་ཆེ་བའི་ཐོན་ཚད་མཐོ་རུ་གཏོང་རྒྱུར་དམིགས་ཏེ་འབྲུ་སྣུམ་ལོ་ཏོག་གཙོ་བོའི་དགུན་དུས་དོ་དམ་དང་དཔྱིད་རྨོ་གྲ་སྒྲིག་གི་ལས་ཀར་དམ་འཛིན་བྱས་ཏེ། རིམ་པ་མང་བ་དང་ཐབས་ལམ་མང་བ། རྣམ་པ་མང་པོ་བཅས་ཀྱི་སྒོ་ནས་ཆེད་དོན་གསོ་སྦྱོང་ཞབས་ཞུ་བྱས།  མིག་སྔའི་བར་ཞིང་ཆེན་ཡོངས་ཀྱི་གསོ་སྦྱོང་མི་ཐེངས5160ཟིན་ཡོད།

ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོས་ཐོན་ལས་འཕེལ་རྒྱས་དང་རོང་འབྲོག་པའི་དགོས་མཁོ་ལ་གཞིར་བཟུང་ནས་སྟབས་བསྟུན་ངང་གསོ་སྦྱོང་བྱས། བཀོལ་སྤྱོད་རང་བཞིན་ཆེ་བའི་ལག་རྩལ་ཤེས་བྱ་དག་སྡེ་བ་དང་ཁྱིམ་ཚང་དུ་བསྐྱོད་དེ་ཞིང་ཁ་དང་དྲོད་ཁང་ཆེན་པོའི་ནང་དུ“ཕ་སྐད”དང“ཡུལ་སྐད”“གཏམ་རྒྱུད་ཐུང་བ”སོགས་ཀྱི་བྱ་ཐབས་སྤྱད་ནས་སློབ་ཁྲིད་བྱས། རིགས་པའི་གཞུང་ལུགས་རང་བཞིན་གྱི་ཤེས་བྱ་དག་རྒྱང་ཁྲིད་གསོ་སྦྱོང་བྱེད་པ་བརྒྱུད “སྤྲིན་ཐོག་གི་ཤེས་ལྡན་ཞིང་པ”དང་། པོད་འཕྲིན། འདར་དབྱིངས། མགྱོགས་འཕྲིན་སོགས་ལག་འཁྱེར་ཁ་པར་གྱི་ཉེར་སྤྱོད་མཉེན་ཆས་སྤྱད་དེ་དྲ་ཐོག་ནས་གསོ་སྦྱོང་བྱས་ཏེ། རོང་འབྲོག་པས་ངེས་པ་དོན་གྱིས་གོ་བ་དང་སློབ་ཐུབ་པ། བེད་སྤྱོད་ཐུབ་པ་བཅས་བྱས།

དེ་དང་ཆབས་ཅིག གསོ་སྦྱོང་གི་དགོས་མཁོར་གཞིགས་ནས་གསོ་སྦྱོང་གི་ནང་དོན་བདམས་ཏེ་མིན་ཧོ་དང་གཅན་ཚ། ཁྲི་ཀ་སོགས་ས་ཁུལ་དུ་དགུན་གྲོ་དང་། དགུན་དུས་ཀྱི་ཞིང་ཁར་དོ་དམ་བྱེད་པའི་གསོ་སྦྱོང་བསྒྲུབས། གཙོ་བོ་འཁྱགས་གནོད་འགོག་པ་དང་གནོད་འབུ་འགོག་པ་སོགས་དགུན་ཁ་མ་ཐོན་གོང་གི་ལྗང་བུ་གསོ་སྐྱོང་ལག་རྩལ་དང་དཔྱིད་དུས་ཀྱི་ཞིང་ཁར་དོ་དམ་བྱེད་པའི་འགག་རྩའི་ལག་རྩལ་ལ་དམིགས་ནས་གསོ་སྦྱོང་བྱས།  ཧོང་ཀྲུང་དང་ཏ་ཐུང་། ཧོང་ཡོན་སོགས་དཔྱིད་ཀའི་སྲན་འདེབས་ས་ཁུལ་དུ། གཙོ་བོ་སྲན་ཆེན་གྱི་ས་བོན་ཐུམ་སྒྲིལ་དང་། སྤུས་ཚད་མཐོ་བའི་འདེབས་འབོར། ས་ཞིང་ལེགས་བསྒྱུར།  སོག་མ་གཙང་སེལ། གནོད་འབུ་འགོག་བཅོས་སོགས་དཔྱིད་ཀའི་རྨོ་འདེབས་ཀྱི་འགག་རྩའི་ལག་རྩལ་ལ་དམིགས་ནས་གསོ་སྦྱོང་བྱས། ཧུའུ་ཀྲུུའུ་དང་མིན་ཡོན་སོགས་ས་ཁུལ་དུ་གཙོ་བོ་གཞི་ཁྱོན་ལྡན་པའི་སྐེ་ཚེ་ཐོན་སྐྱེད་དང་། ཞིང་སྨན་བདེ་འཇགས་ངང་སྤྱོད་པ། སྐེ་ཚེ་ཉར་ཚགས་དང་ལས་སྣོན། གནོད་འབུའི་གནོད་འཚེ་འགོག་བཅོས་སོགས་འབྲེལ་ཡོད་ལག་རྩལ་ལ་དམིགས་ནས་གསོ་སྦྱོང་བྱས་པ་རེད། །

 
རྩོམ་སྒྲིག་པ། : རྡོ་རྗེ་སྐྱིད།