ཀྲུང་གོ་བོད་ཀྱི་དྲ་བ།

ས་བབ་མཐོ་བའི་རི་འཛེག་ཐོན་ལས་ཀྱིས་མདོ་དབུས་མཐོ་སྒང་གི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ལ་རམ་འདེགས་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོས་བསྒྱུར།   སྤེལ་དུས། : 2024-05-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5བའི་ཚེས2ཉིན། གཡུ་འབྲུག་ལྷ་རྩེ་རི་འཛེག་ཚོགས་ཆེན་གྱི་རུ་མི་རི་རྩེར་འཛེག་པ་རེད། གྲོང་ཁྱེར་གྱི་ཟང་ཟིང་དང་ཁ་བྲལ་ནས་ཉིན་འགའི་ལྷན་འཛོམས་ཀྱིས་རི་འཛེག་རུ་མི་ཚོ་གྲོགས་པོ་རུ་གྱུར་ནས། ཁ་བྲལ་བའི་མིག་ཆུ་ཡིས་ཁོ་ཚོའི་རི་འཛེག་ཁྲོད་ཆགས་པའི་བརྩེ་བ་མཚོན་ཡོད།

ཟླ4བའི་ཚེས27ཉིན། སྐབས་ཉེར་གཉིས་པའི་གཡུ་འབྲུག་ལྷ་རྩེ་རི་འཛེག་ཚོགས་ཆེན་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་ནས་མགོ་ཚུགས་པ་དང་། པེ་ཅིན་དང་ཧྲང་ཧའེ། ཀུང་ཀྲོའུ། ནན་ཅིན། ཧྲིན་ཀྲིན། ཧང་ཀྲུའུ་ནས་ཡོང་བའི་རི་འཛེག་མཁན80གཡུ་འབྲུག་ལྷ་རྩེའི་རི་མགོར་འཛེག་པ་རེད།

རི་འཛེག་མགོ་རྩོམ་པའི་རོལ་མྱོང་གནས་མཆོག་ཡིན་པའི་ངོས་ནས། ས་བབ་སྨི6178ཟིན་པའི་གཡུ་འབྲུག་ལྷ་རྩེ་ནི་མཚོ་ནུབ་ཁུལ་ན་གོར་མོ་གྲོང་ཁྱེར་དང་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་འབྲེལ་མཚམས་སུ་གནས་ཤིང་ཁུ་ནུ་རི་རྒྱུད་ཤར་ཕྱོགས་ཀྱི་རི་རྩེ་ཡིན། སྔོན་ཆད་གཡུ་འབྲུག་ལྷ་རྩེ་རི་འཛེག་ཚོགས་ཆེན་ནང་ཞུགས་མྱོང་བའི་རི་མཐོན་པའི་ལམ་ཁྲིད་མཁན་ཝང་ཏུའུ་ཅོན་གྱིས“མུ་མཐའ་མེད་པའི་ས་གཞི་ཆེན་མོ་རུ་ང་ཚོས་གདོད་མ་དང་རང་བྱུང་གི་མཛེས་པ་རོལ་མྱོང་བྱེད་པ་དང་། དུས་ཚིགས་མི་འདྲ་བ་དང་ས་གནས་མི་གཅིག་པའི་ཁྲོད་གངས་རི་ཡིས་ང་ཚོར་མྱོང་ཚོར་མི་འདྲ་བ་སྟེར་ཞིང་། ཉི་མ་ཤར་དུས་ང་ཚོས་རང་ཉིད་ཐང་ཆད་པ་ཡོངས་སུ་བརྗེད་དེ་སྒྲིག་ཆས་ཁུར་ནས་ཉི་གསར་བསུས་པ་ཡིན”ཟེར།

ལོ18ཡིན་པའི་ལི་ཧྥང་ཡོན་ནི་ཧྲན་ཞི་ཡའོ་ལིན་ནས་ཡོང་ཞིང་། ཚེས2པའི་ཞོགས་པར་ཁོ་རང་གི་རུ་ཁག་དང་མཉམ་དུ་གཡུ་འབྲུག་ལྷ་རྩེའི་རི་མགོ་འཛེག་མགོ་བརྩམས། ཁོས“དེ་རིང་ངའི་སེམས་སྤྲོ་སྐྱིད་ལྡན་པ་ཞིག་ཡིན། ཐེངས་དང་པོར་གཡུ་འབྲུག་ལྷ་རྩེའི་རི་མགོ་འཛེག་ཐུབ་པས་རྔམ་བརྗིད་ཀྱི་གངས་རི་ཡིས་ང་ལ་ངོ་མཚར་བསྐྱེད”ཟེར།

གཡུ་འབྲུག་ལྷ་རྩེའི་ཐུན་མོང་མ་ཡིན་པའི་རང་བྱུང་ཐོན་ཁུངས་ལེགས་ཆ་བེད་སྤྱོད་བྱས་ནས། ལུས་རྩལ་རི་འཛེག་སྦྱོང་བརྡར་མིང་རྟགས་བཏོད་ཆེད། མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུའུ་དང་ན་གོར་མོ་གྲོང་ཁྱེར་སྲིད་གཞུང་གིས་མཉམ་དུ་མ་དངུལ་བཏོན་ནས་བསྐྲུན་པའི་གཡུ་འབྲུག་ལྷ་རྩེ་རྒྱལ་ཁབ་རི་འཛེག་སྦྱོང་བརྡར་རྟེན་གཞི2011མཇུག་སྒྲིལ་པ་དང་། དེས་རིགས་སོ་སོའི་རི་འཛེག་དང་རྐང་ཐང་མྱུལ་དཔྱད་སོགས་ཀྱི་བྱ་འགུལ་སྤེལ་བར་ནུས་ཤུགས་ལྡན་པའི་རྒྱབ་རྟེན་འགན་སྲུང་མཁོ་འདོན་བྱས།

ན་གོར་མོ་གྲོང་ཁྱེར་རིག་གནས་དང་ལུས་རྩལ་ཡུལ་སྐོར་རླུང་འཕྲིན་བརྙན་འཕྲིན་ཅུའུ་ཡི་ཅུའུ་ཀྲང་མའོ་ཡོན་ཕིང་གིས“ས་གནས་སྲིད་གཞུང་གིས་དམངས་འཚོ་བདེ་སྐྱིད་བསྐྲུན་པ་དང་། མི་དམངས་ཀྱི་བདེ་ཐང་ཆུ་ཚད་མཐོ་རུ་གཏོང་བར་དམིགས་ཡུལ་དུ་བཟུང་ནས་རི་ཁུལ་ཕྱི་རོལ་སྦྱོང་བརྡར་ཐོན་ལས་འཕེལ་རྒྱས་གཙོ་ཐིག་ཏུ་བྱས་ནས། མུ་མཐུད་དུ་ལུས་རྩལ་དགོས་མཁོ་ཆེ་རུ་བཏང་ནས་ལུས་རྩལ་ཐོན་ལས་ཚུལ་སྒྱུར་རིམ་སྤར་མངོན་འགྱུར་འབྱུང་དགོས”ཟེར།

ཁོས་བཤད་དོན། གཡུ་འབྲུག་ལྷ་རྩེ་རི་འཛེག་བྱ་འགུལ་གྱི་རྒྱབ་རྟེན་འགན་སྲུང་ལས་དོན་གང་ལེགས་བསྒྲུབ་ཆེད། ད་ལོར་ས་གནས་སྲིད་གཞུང་གིས་ད་ཡོད་ཀྱི་རྨང་གཞིའི་ཐོག་གྲོང་གསེབ་དར་སྤེལ་དང་ཟུང་འབྲེལ་གྱིས་གཡུ་འབྲུག་ལྷ་རྩེ་རི་འཛེག་རྟེན་གཞི་བཅོས་བསྒྱུར་ལས་གཞི་ལག་བསྟར་བྱས་ནས། རྟེན་གཞི་ལ་ཞག་སྡོད་དང་བཟའ་བཏུང་། བབ་བསྟུན་རང་བཞིན་གྱི་སྦྱོང་བརྡར་སོགས་ཀྱི་ནུས་བ་བཏོན་ནས། རི་འཛེག་མྱུལ་དཔྱད་དང་རི་འཛེག་མཉམ་སྦྱངས། སྐྱེས་ཁམས་ལྗོངས་གཟིགས། ཡུལ་སྐོར་སྤྲོ་གསེང་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་རང་བཞིན་གྱི་རི་འཛེག་སྦྱོང་བརྡར་རྟེན་གཞིར་གཏོང་དགོས་ཟེར།

ཡུས་ཧྲུའུ་ཁུལ་ཆུ་དམར་ལེབ་རྫོང་ཁོངས་སུ་ཆགས་པའི་གཡུ་འབྲུག་ལྷ་རྩེ་ལྷོ་རྒྱུད་ཀྱི་གཟར་ཚད་བདེ་ཞིང་ལམ་ཐིག་གསལ་བས་རི་འཛེག་མགོ་རྩོམ་པའི་མི་ལ་འོས་ཤིང་འཚམ། དེ་བས་རི་རྒྱུད་དེ་ནི་རི་འཛེག་མཁན“མི་ཚེའི་གངས་རི་དང་པོར”གྱུར་ཡོད།

2021ལོར། ཆུ་དམར་ལེབ་རྫོང་གི་གཡུ་འབྲུག་ལྷ་རྩེ་ཡིས་ཡུལ་སྐོར་པ་མི་ཐེངས་ཁྲི1078སྣེ་ལེན་བྱས་པ་དང་། གཡུ་འབྲུག་ལྷ་རྩེའི་མིང་གྲགས་ཆོད་ཚད་མཐོ་རུ་ཕྱིན་པ་དང་བསྟུན། རི་འཛེག་མི་གྲངས་ཀྱང་མུ་མཐུད་དུ་ཇེ་མང་དུ་ཕྱིན། གཡུ་འབྲུག་ལྷ་རྩེ་རི་འཛེག་སྒེར་ས་ཆེན་མོའི་ད་ཡོད་ཀྱི་རྨང་གཞི་སྒྲིག་བཀོད་ཀྱིས་ཡུལ་སྐོར་པའི་དགོས་མཁོ་སྐོང་མི་ཐུབ་པ་རེད། དེ་བས་ས་གནས་ཀྱིས་གཡུ་འབྲུག་ལྷ་རྩེའི་གངས་འཁྱགས་ཐོན་ཁུངས་འཛུགས་སྐྲུན་བརྒྱུད་དེ་གཡུ་འབྲུག་ལྷ་རྩེ་རྒྱལ་སྤྱིའི་རི་འཛེག་གྲོང་རྡལ་ཆུང་ཆུང་བསྐྲུན།

རི་འཛེག་ཐོན་ལས་འཕེལ་རྒྱས་ཀྱིས་ས་གནས་ཀྱིས་རི་འཛེག་ལམ་ཁྲིད་གསོ་སྐྱོང་བྱེད་པར་སྐུལ་འདེད་བྱས། ཆུ་དམར་ལེབ་རྫོང་གི་འབྲེལ་ཡོད་འགན་ཁུར་མི་སྣས། “ལུས་པོའི་བྱང་ཚད་དང་ཁོར་ཡུག་ལ་ཆ་རྒྱུས་ཡོད་ཚད་ཕྱོགས་གང་ནས་བརྗོད་ནའང་། ས་གནས་འབྲོག་པ་ཚོ་རི་འཛེག་ལམ་ཁྲིད་བྱས་ན་འོས་ཤིང་འཚམ། ད་ལོར་མི20ལ་ལམ་ཁྲིད་གསོ་སྐྱོང་བྱས་པ་དེས་ལམ་ཁྲིད་ལས་རིགས་ན་གཞོན་ལས་ཞུགས་བྱེད་པའི་ཐབས་ལམ་གསར་བར་གྱུར”ཟེར།

མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུའུ་ཡི་ཅུའུ་ཀྲང་ཝང་ཞ་ཡིས། “གཡུ་འབྲུག་ལྷ་རྩེ་ཚོགས་ཆེན་གྱིས་ཀྲུང་གོའི་དམངས་ཁྲོད་རི་འཛེག་སྦྱོང་བརྡར་ལ་འཕེལ་རྒྱས་བྱུང་བ་མཚོན་པས། ང་ཚོས་སྔར་ལས་ལྷག་པའི་ངང་གཡུ་འབྲུག་ལྷ་རྩེ་རི་འཛེག་ཚོགས་ཆེན་གྱི་མིང་གྲགས་ཆོད་ཚད་དང་སྣེ་ཁྲིད་ནུས་བ་འདོན་སྤེལ་གང་ལེགས་བྱས་ཏེ། རྐང་ཐང་དང་ལྕགས་རྟ་ཞོན་པ། སྒེར་ས་འཛུགས་པའི་ལས་གཞི་གཏོད་དེ་མཚོ་སྔོན་ཀྱི་སྐྱེ་ཁམས་ལེགས་ཆ་ཕྱི་རོལ་སྦྱོང་བརྡར་ལེགས་ཆ་དང་། ལུས་རྩལ་ཐོན་ལས་ལེགས་ཆ། ལས་གཞི་འཕེལ་རྒྱས་ལེགས་ཆ། ལས་གཞི་འཕེལ་རྒྱས་ལེགས་ཆ། ལུས་རྩལ་ཡུལ་སྐོར་ལེགས་ཆ་བཅས་སུ་སྒྱུར་ནས་མཉམ་དུ་མཚོ་སྔོན་གྱི‘ཕྱི་རོལ་ཆེན་མོའི’ཐོན་ལས་རྣམ་པ་ཆགས་སུ་འཇུག་དགོས”ཟེར། །

 
རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།