ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་པོ་མཛེས་ལྗོངས་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུའུ་ཡིས་བྱེེད་ཐབས་མང་པོ་སྤྱད་དེ་མཚོ་སྔོན་པོའི་ཡུལ་སྐོར་ཁྲོམ་རའི་སྒྲིག་ལམ་ལ་སྲུང་འཛིན་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2024-05-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གུང་གསེང་ཐོན་ཐེངས་རེ་རེར་མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་ནི་ཞིང་ཆེན་ནང་ཁུལ་གྱི་ཡུལ་སྐོར་བ་རྣམས་ངེས་པར་ཏུ་མཛེས་ལྗོངས་བྱེད་པའི་ས་ཁུལ་གཙོ་བོར་གྱུར་ཡོད་པ་དང་། སྔར་ལས་ལྷག་པར་རང་ཞིང་གི་ཡུལ་སྐོར་མང་བའི་དུས་ཚིགས་ལ་རོགས་འདེགས་བྱ་ཆེད། མཚོ་སྔོན་པོ་མཛེས་ལྗོངས་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུའུ་ཡིས་བྱེད་ཐབས་མང་པོ་སྤྱད་པ་དང་སྔ་མོ་ནས་བཀོད་སྒྲིག་བྱས་ཏེ། ནུས་ཤུགས་ཡོད་རྒུས“ལྔ་གཅིག”གུང་གསེང་སྐབས་སུ་མཚོ་སྔོན་པོ་མཛེས་ལྗོངས་ཁུལ་གྱི་ཡུལ་སྐོར་ཁྲོམ་རའི་ལས་དོན་སོ་སོ་གོ་རིམ་ལྡན་པ་དང་དོན་འཁྱོལ་གནད་ལ་འཁེལ་བར་འགན་སྲུང་བྱས།

ཟླ4པའི་ཚེས30ཉིན་ནས་ཟླ5པའི་ཚེས1ཉིན་བར། མཚོ་སྔོན་པོ་མཛེས་ལྗོངས་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུའུ་ཡི་ལས་བྱེད་མི་སྣ་སྔ་གཞུག་ཏུ་མཚོ་སྔོན་པོའི་རྣུ་ལྕེ་ལྗོངས་ཁུལ་དང་ཁེ་རམ་ཐང་ལྗོངས་ཁུལ། མཚོ་སྔོན་པོའི་དམངས་སྲོལ་གྲོང་རྡལ་སོགས་མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་སོ་སོར་སོང་ནས་ཞིབ་བཤེར་ལྟ་སྐུལ་མཛུབ་ཁྲིད་བྱས་པ་མ་ཟད། མཚོ་སྔོན་པོ་མཚོ་དོན་ཅུའུ་དང་མཚོ་སྔོན་པོ་ཡུལ་སྐོར་འཕེལ་རྒྱས་སྡེ་ཚོགས། མཚོ་སྐོར་རྫོང་གསུམ་ཕྱོགས་བསྡུས་ཁྲིམས་འཛིན་ཅུའུ་བཅས་ཀྱི་འབྲེལ་ཡོད་འགན་འཁུར་པ་དང་། ཟ་ཁང་དང་ཚོང་ཁང་ཚོང་གཉེར་པ་དང་མཉམ་དུ་དུས་ཆེན་སྐབས་ཀྱི་ལས་དོན་སོ་སོ་སྤེལ་བའི་གནས་ཚུལ་དོན་འཁྱོལ་བྱས།

མཚོ་སྔོན་པོ་མཛེས་ལྗོངས་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུའུ་ཡིས“ལྔ་གཅིག”སྐབས་སུ་མཚོ་སྔོན་པོ་མཛེས་ལྗོངས་ཁུལ་གྱི་ཡུལ་སྐོར་ཁྲོམ་རའི་ལས་དོན་སོ་སོ་ལག་ལེན་ལེགས་པོ་བྱ་རྒྱུའི་ཐད་ཞིབ་ཕྲའི་བླང་བྱ་བཏོན་པ་སྟེ། འབྲེལ་ཡོད་སྡེ་ཁག་དང་ཁེ་ལས་སོ་སོས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་བཏོན་པའི་བྱ་བའི་བླང་བྱ་རབ་དང་རིམ་པ་ལག་ལེན་མཐར་ཕྱིན་བྱས་ཤིང་། མཛེས་ལྗོངས་ཁུལ་གྱི་ཁོར་ཡུག་གཙང་སྦྲ་དང་སྒྲིག་ལམ་ལེགས་པོ་ཡོང་བར་འགན་ལེན་བྱེད་པ་དང་། ལྟ་སྐུལ་དོ་དམ་སྡེ་ཁག་གིས་ནན་ཏན་སྒོས་འགན་འཁྲི་དང་ལེན་བྱེད་པ་དང་དུས་ཐོག་ཏུ་དོགས་ཟོན་དྲན་སྐུལ་བྱས་ཏེ། མངོན་མེད་རྐྱེན་ངན་ཆུང་གྲས་ལས་དོན་རྐྱེན་ཆེན་པོ་འབྱུང་བར་སྔོན་འགོག་བྱས་ལ། ཟས་རིགས་བདེ་འཇགས་ལ་ཤུགས་སྣོན་པ་དང་རིན་གོང་ལ་ལྟ་སྐུལ་དོ་དམ་ལེགས་པོ་བྱེད་པ། འཛད་སྤྱོད་པའི་ཞུ་གཏུག་དུས་ཐོག་ཏུ་ཐག་གཅོད་བྱས་ནས་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱས་པ་དང་། ཁྲིམས་འགལ་གྱིས་མཚོ་སྔོན་པོའི་གསེར་ཉ་འཛིན་པ་དང་ཉོ་བ། ཕྱིར་འཚོང་བྱེད་པ། ལས་སྣོན་བྱེད་པ། བཟའ་བ་སོགས་ཀྱི་བྱ་སྤྱོད་ལ་ཁྲིམས་ལྟར་ཐག་གཅོད་བྱེད་པ་དང་། ནན་ནན་ཏིག་ཏིག་གིས་མཚོ་སྔོན་པོའི་གསེར་ཉའི་ཐོན་ཁུངས་ལ་སྲུང་སྐྱོབ་ལེགས་པོ་བྱས་ཏེ། ནུས་ཤུགས་ཡོད་རྒུས་མཚོ་སྔོན་པོའི་ཡུལ་སྐོར་ཚོང་རའི་སྒྲིག་ལམ་ལ་སྲུང་འཛིན་བྱེད་དགོས་པར་བསྟན།  །  

 
རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།