ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་གསུམ་པ་བསྡུས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2024-04-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས25ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ། ཞིང་ཆེན་ཏང་ཨུའི་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཁྲེན་ཀང་གིས་མགོ་འཛིན་མཛད་དེ་ཞིང་ཆེན་ཏང་ཨུའི་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས23པ་བསྡུས་ཤིང་།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་དབྱང་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་པའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། 2023ལོའི་ཁྱོན་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་བྱ་བར་སྤྱི་བསྡོམས་བྱས་ཤིང་། རྗེས་མའི་བཅོས་སྒྱུར་ལས་འགན་གཙོ་གནད་བཀོད་སྒྲིག་བྱས་པ་དང་རང་ཞིང་གིས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་ས་བསྐྲུན་པའི་བྱ་བར་ཆེད་དུ་ཞིབ་འཇུག་བྱས། ཁོང་གིས་གྲོས་ཚོགས་སྟེང་བསམ་ཕྱོགས་གསལ་བོ་དང་གཙོ་གནད་དམ་འཛིན། སྔོན་ལ་ལག་བསྟར་དང་ཚོད་ལྟ་བྱེད་པ། གནད་ཆེ་བ་གཙོར་འཛིན་པ་དང་དོན་དག་ཆུང་ངུ་ཞོར་ནས་སྒྲུབ་པར་རྒྱུན་འཁྱོངས་བྱས་ཏེ། ཕན་ནུས་ཁྲོམ་ར་དང་ཕན་ནུས་སྲིད་གཞུང་སྔར་ལས་ཟུང་འབྲེལ་གང་ལེགས་བྱས་ནས། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་ས་བསྐྲུན་པ་དང་སྐས་རིམ་གསར་བར་བསྐྱོད་པར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།

ཧྲིན་ཀྲང་འམ། ཞིང་ཆེན་ཏང་ཨུའི་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཝུའུ་ཞའོ་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ། ཞིང་ཆེན་ཏང་ཨུའི་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ལིའུ་ཆི་ཧྥན། ཞིང་ཆེན་ཏང་ཨུའི་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་བའི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལིའུ་མེ་ཕིན་དང་ཚེ་རིང་ཐར། དབྱང་ཧྥ་སིན། ཝང་ལིན་ཧུའུ། ཀྲུའུ་ཞང་ཧྥིན། ཧྲིན་ཀྲང་གཞོན་པ་ཧི་ལུའུ་ཁྲུན་བཅས་གྲོས་ཚོགས་སྟེང་ཞུགས།

གྲོས་ཚོགས་ལས་ན་ནིང་ཞིང་ཆེན་གོང་འོག་ཡོངས་ཀྱིས་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བླང་བྱར་ལྟར། ཕན་འབྲས་ཡོད་པའི་སྒོ་ནས་བཅོས་སྒྱུར་གྱི་འགག་སྒྲོལ་དང་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས་པ་དང་།  “མཐོ་ས”བསྐྲུན་པ་དང་ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་གྱི་གལ་ཆེའི་ཞིབ་འཇུག་བྱ་གཞིེར་གཙོར་བྱས་ནས་ནུས་ཤུགས་བཏོན་པ་བརྒྱུད། སྐུལ་འདེད་གཏིང་ཟབ་དང་ཁྱད་ཆོས་མངོན་གསལ་གྱི་གནས་བབ་ལེགས་པོ་མངོན་ཡོད། ད་ལོར་གལ་ཆེའི་བཅོས་སྒྱུར་ལས་འགན་ཐད་མཐུན་སྦྱོར་སྐུལ་འདེད་བྱེད་པ་དང་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་བར་སྔར་ལས་ཤུགས་སྣོན་དགོས་པ་དང་། བཅོས་སྒྱུར་བྱེད་ཐབས་ཀྱི་མ་ལག་གཅིག་འདུས་དང་མཉམ་སྡེབ་ནུས་མཐོར་སྔར་ལས་ཤུགས་བསྣན་པ་བརྒྱུད། ཁྱོན་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་བྱེད་པ་དེས་དེང་རབས་ཅན་གྱི་མཚོ་སྔོན་གསར་པའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས་པར་བསྟན།

གྲོས་ཚོགས་སྟེང་རང་ཞིང་གི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་ས་བསྐྲུན་པའི་བྱ་བའི་གྲུབ་འབྲས་ལ་གདེང་འཇོག་ཆེན་པོ་ཐོབ་པ་དང་། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་ས་བསྐྲུན་པ་དེ་སྐྱེ་ཁམས་སྲུང་སྐྱོབ་གཙོ་བོར་འཛིན་པའི་བླང་བྱ་དང་མཐུན་ལ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་ཕན་པ་དང་། ལས་ཞུགས་ལ་སྐུལ་འདེད་དང་དམངས་འཚོ་ལ་ལེགས་སྒྱུར་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཡིན་ལ། མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་བ་གཙོ་བོ་ཞིག་ཡིན་ཏེ། གྲོང་གསེབ་དར་སྤེལ་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་གསར་བ་ནུས་ཤུགས་ཡོད་རྒུས་རྩོམ་པར་དོན་སྙིང་གལ་ཆེན་ལྡན་ཞེས་བསྟན།

གྲོས་ཚོགས་ལས་རྒྱལ་སྤྱིའི་མཐོང་རྒྱ་བཅངས་པ་དང་།  ལྗང་མདོག་གི་རྩ་བར་དམིགས་ནས་ཁྱད་ཆོས་དང་ལེགས་ཆ་ལྡན་པའི་ཐོན་རྫས་འཕེལ་རྒྱས་སུ་གཏོང་བ།  གླིང་ཁུལ་ཅན་དང་མཉམ་འདྲེས་ཅན། ལྗང་མདོག་ཅན། ཁྱད་ཆོས་ཅན། གཞི་གྲངས་ཅན་བཅས་ཀྱིས་ཐོན་ཁུངས་ལ་རོགས་འདེགས་བྱེད་པ་དང་རྟེན་གཞི་གཙོ་བོ། ཁེ་ལས་གཙོ་བོ། མིང་བྱང་གཙོ་བོ། སྟེགས་བུ་གཙོ་བོ་བཅས་ཀྱིས་སྲིད་ཇུས་ལ་རམ་འདེགས་བྱེད་པ། མ་དངུལ་དང་ས་ཞིང་། རྣམ་གྲངས་སོགས་རྒྱུ་རྐྱེན་གྱི་འགན་སྲུང་ལ་ཤུགས་བསྣན་ནས། ཐོན་ལས་ཕྲེང་འབྲེལ་དང་གསར་གཏོང་ཕྲེང་འབྲེལ་མཉམ་འདྲེས་གཏིང་ཟབ་ཡོང་བ་དང་། ཚོང་རྟགས་ཅན་དང་ཚད་མཐོ་ཅན་གྱི་ལམ་བུར་བསྐྱོད་པར་སྐུལ་འདེད་གཏོང་དགོས།  རྟེན་གཞི་དམ་འཛིན་བྱས་ནས་འགག་སྒྲོལ་ཡོང་བར་བྱེད་པ་དང་། རིམ་འཕར་དམ་འཛིན་བྱས་ནས་ཕན་ནུས་ཐོན་པར་བྱེད་པ། འདོན་སྤྲོད་སྣེ་གཅིག་སྡུད་བྱས་ནས་ཐོན་སྐྱེད་ནུས་ཤུགས་མཐོར་འདེགས་སུ་གཏོང་བ་དང་། ཐོན་ལས་སྣེ་གཅིག་སྡུད་བྱས་ནས་སྤུས་ནུས་དང་ཕན་འབྲས་འཕར་བར་ཤུགས་སྣོན་པ།  ཕྱིར་གཏོང་སྣེ་གཅིག་སྡུད་བྱས་ནས་མཚོ་སྔོན་གྱི་ཐོན་རྫས་མཚོ་སྔོན་ནས་ཕྱིར་གཏོང་བྱེད་ཚད་རྒྱ་བསྐྱེད་ནས། ཐོན་ལས་དང་པོ་དང་གཉིས་པ། གསུམ་པ་བཅས་མཉམ་འདྲེས་འཕེལ་རྒྱས་འབྱུང་བར་སྐུལ་འདེད་གཏོང་དགོས་ལ།  འགལ་བ་གཙོ་བོ་དམ་པོར་འཛིན་པ་དང་། ཕན་འབྲས་ཡོད་པའི་སྒོ་ནས་ད་ཡོད་སྲིད་ཇུས་དང་ཐོན་ཁུངས་ལེགས་སྒྲིག་བྱེད་པ།  དྲང་ཕྱོགས་སྐུལ་སློང་དང་ལྡོག་ཕྱོགས་ཚོད་འཛིན་ལ་ཤུགས་སྣོན་པ་དང་།  ས་གནས་དང་ཁེ་ལས། ཁྲོམ་ར་བཅས་ཀྱི་ཧུར་བརྩོན་རང་བཞིན་ལེགས་པར་བསྐྱེད་པ། མཚོ་སྔོན་ཁ་གཏད་རོགས་སྐྱོར་དང་ཤར་ནུབ་རྒྱུད་མཉམ་ལས་ལམ་ལུགས་ཀྱི་དགེ་མཚན་འདོན་སྤེལ་བྱས་ཏེ། ཞིང་ལས་དང་ཚན་རྩལ། རིག་གནས། ཡུལ་སྐོར། ཚོང་ལས་བཅས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། སྐྱེ་ཁམས་ལེགས་པོ་དང་ཁྱད་ཆོས་མངོན་གསལ། རྒྱལ་ཁབ་ཕྱི་ནང་ལ་མིང་དུ་གྲགས་པ་བཅས་ཀྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་ས་བསྐྲུན་ཞེས་ནན་གྱིས་བསྟན།  །  

 
རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།