ཀྲུང་གོ་བོད་ཀྱི་དྲ་བ།

མུ་འབྲེལ་དངོས་བཤུས་གློག་བརྙན《གནམ་འོག་ཏུ་བསྐྱོད་པའི་མཚོ་སྔོན་གྱི་ལེའུ》ཟླ4པའི་ཚེས28ཉིན་ནས་ཟླ5པའི་ཚེས7ཉིན་བརCCTV-9འཕྲིན་ལམ་ནས་ཐོག་མར་སྟོན་རྒྱུ་རེད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རྡོ་རྗེ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2024-04-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས25ཉིན་མཚོ་སྔོན་ཞིང་ཆེན་རླུང་འཕྲིན་བརྙན་འཕྲིན་ཅུའུ་དང་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་བརྙན་འཕྲིན་ཟློས་གར་དངོས་བཤུས་གློག་བརྙན་ལྟེ་གནས་གཉིས་ཀྱིས་མཉམ་དུ་བཟོས་པའི་མུ་འབྲེལ་དངོས་བཤུས་གློག་བརྙན《གནམ་འོག་ཏུ་བསྐྱོད་པའི་མཚོ་སྔོན་གྱི་ལེའུ》ཐོག་མར་བསྟན་པའི་ཡོངས་བསྒྲགས་ཚོགས་འདུ་ཟི་ལིང་དུ་འཚོགས། རྒྱུས་ལོན་བྱུང་པ་ལྟར་ན།  དངོས་བཤུས་གློག་བརྙན་དེར་བསྡོམས་པས་ལེའུ10ཡོད་པ་དང་ལེའུ་རེ་ལ་སྐར་མ25ཡོད། འགྲུལ་བཞུད་པ་ཞིག་གི་འགྲུལ་སྐྱོད་མྱོང་ཚོར་གྱི་ལམ་ནས་མཚོ་སྔོན་ལ་བལྟ་བ་དང་།  ཐུན་མོང་མ་ཡིན་པའི་ལྟ་ཕྱོགས་དང་སྐད་ཆའི་ཐོག་ནས་མཚོ་སྔོན་ས་ཆའི་སྣོད་ཀྱི་བཀོད་པ་ལས་བྱུང་བའི་ཚེ་སྲོག་གི་ངོ་མཚར་དང་སྤྱིར་བཏང་མིན་པའི་མི་ཚེའི་གཏམ་རྒྱུད་བརྗོད་དེ་མཚོ་སྔོན་གྱི་མི་ཆོས་རིག་གནས་ཀྱི་ནང་སྙིང་སྔོག་འདོན་གང་ལེགས་བྱས།  

མུ་འབྲེལ་དངོས་བཤུས་གློག་བརྙན《གནམ་འོག་ཏུ་བསྐྱོད་པའི་མཚོ་སྔོན་གྱི་ལེའུ》དེ་ཟླ4པའི་ཚེས28ཉིན་ནས་ཟླ5པའི་ཚེས7ཉིན་བར་གྱི་ཆུ་ཚོད19:23སྟེངCCTV-9ཡི་འཕྲིན་ལམ་ཐོག་ཐོག་མར་སྟོན་རྒྱུ་ཡིན་པ་དང་། གློག་བརྙན་ཧྲིལ་པོར་ཁྱིམ་གཞི་དང་གནམ་ལམ། སྙན་ངག་གི་ཉམས་འགྱུར།  ནུས་ཁུངས་གཙང་མ།  མཁའ་དབྱིངས་སུ་གཟིགས་པ།  རྒྱུན་འཛིན་སོགས་བརྗོད་དོན་བཅུ་དང་ཡུལ་ལྗོངས་ཧྲིལ་པོའི་ལམ་ནས་མཚོ་སྔོན་གྱི་རང་བྱུང་མཛེས་ལྗོངས་དང་། ས་ཁམས། མི་ཆོས་རིག་གནས།  མི་རིགས་ཀྱི་གོམས་གཤིས། སྤྱི་ཚོགས་འཕེལ་རྒྱས། སྐྱེ་ཁམས་སྲུང་སྐྱོང་སོགས་ཕྱོགས་གང་ཅིའི་ཐད་ནས་ཕྱོགས་བསྡུས་ངང་ཟིན་ཐོར་བཀོད་ཡོད། འདི་ནི་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་བརྙན་འཕྲིན་ལས་ཁུངས་ཀྱི《གནམ་འོག་ཏུ་བསྐྱོད་པའི》དངོས་བཤུས་གློག་བརྙནIPདེ་ཞིང་ཆེན་དང་རང་སྐྱོང་ལྗོངས་དང་མཉམ་འབྲེལ་བྱས་ནས་བཟོས་ཏེ་བླངས་པའི་གྲུབ་འབྲས་ཐོག་མ་ཡིན་པས།  ཀྲུང་དབྱང་དང་ས་གནས་གཉིས་ཀྱིས་མཉམ་འབྲེལ་བྱེད་མགོ་བརྩམས་ཤིང་།  མཚོ་སྔོན་གྱི་དགོས་མཁོ་དང་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་ནུས་པར་བརྟེན་ནས་དངོས་བཤུས་གློག་བརྙན་བརྒྱུད་སྤེལ་གྱི་ཕན་འབྲས་དང་སྤྱི་ཚོགས་ཀྱི་ཕན་འབྲས་ཆེ་ཤོས་དེ་ཧུར་ཐག་གིས་མངོན་འགྱུར་བྱས་པ་རེད། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱིས་ལྔ་གཅིག་གུང་གསེང་གི་གོ་སྐབས་དང་བསྟུན་ནས་བསྟན་རྒྱུ་ཡིན་པའི་དམིགས་ཡུལ་ནི་མཚོ་སྔོན་གྱི་ཡུལ་སྐོར་ལ་ཕྱོགས་ཡོངས་ནས་རོགས་རམ་བྱེད་པ་དང་། རླུང་འཕྲིན་དང་བརྙན་འཕྲིན་རིག་རྩལ་སྟོབས་ཤུགས་ལ་བརྟེན་ནས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ལ་སྒུལ་ཤུགས་གསར་པ་སྣོན་པའི་ཆེད་རེད།  སྤུས་ཀ་ལེགས་པའི་བརྙན་ལམ་དང་རྒྱང་སྒྲོག་ལ་བརྟེན་ནས་རླུང་འཕྲིན་བརྙན་འཕྲིན་དང་རིག་གནས་ཡུལ་སྐོར་གྱི་ཕྱོགས་གཉིས་ཀྱིས་མཚོ་སྔོན་གྱི་རིག་གནས་ཡུལ་སྐོར་ཐོན་ཁུངས་ལ་ཀུན་གྱི་དགའ་བསུ་ཐོབ་ཆེད་ནུས་པ་བསྐྲུན་པ་དང་། མཚོ་སྔོན་འཕེལ་རྒྱས་ལ་ཕྱོགས་གཉིས་ཀྱི་སྟོབས་ཤུགས་བསྣན་ཏེ་སྐྱེ་ཁམས་ཕན་འབྲས་དང་། དཔལ་འབྱོར་ཕན་འབྲས། སྤྱི་ཚོགས་ཕན་འབྲས་བཅས་དུས་གཅིག་ཏུ་མཐོར་འདེགས་གཏོང་བར་རོགས་རམ་བྱ་ཆེད་རེད། །

 
རྩོམ་སྒྲིག་པ། : རྡོ་རྗེ་སྐྱིད།