ཀྲུང་གོ་བོད་ཀྱི་དྲ་བ།

ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱིས་མྱུར་སྐྱེལ་ལས་རིགས་ཀྱིས་ངལ་རྩོལ་གན་རྒྱའི་ལམ་ལུགས་དོན་འཁྱོལ་བྱེད་པར་སྐུལ་འདེད་ཧུར་ཐག་བཏང་བ།

ཡོང་ཁུངས། : མཚོ་སྔོན་ཉིན་རེའི་ཚགས་པར།   རྩོམ་པ་པོ། : ཕག་གྲུ་ཡིས་བསྒྱུར།   སྤེལ་དུས། : 2024-04-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4བའི་ཚེས22ཉིན་མཚོ་སྔོན་ཞིང་ཆེན་གྱི་མྱུར་སྐྱེལ་ལས་རིགས་ཀྱིས་ངལ་རྩོལ་གན་རྒྱའི་ལམ་ལུགས་ལ་སྐུལ་འདེད་གཏོང་བའི་ཆེད་དོན་བྱ་སྤྱོད་ཀྱི་གློག་རྡུལ་ངལ་རྩོལ་གན་རྒྱར་མིང་རྟགས་འགོད་པའི་མཛད་སྒོ་ཐོག་མ་ཟི་ལིང་དུ་འཚོགས། 

ད་ཐེངས་ཀྱི་བྱེད་སྒོ་དེ“གྲངས་འཛིན་ཅན་ལ་རོགས་རམ་དང་། ལག་གདང་སྦྲེལ་ནས་འཆམ་མཐུན་ལ་སྐུལ་འདེད་དང་ངལ་རྩོལ་བཅའ་ཁྲིམས་ཁྱབ་བསྒྲགས་བྱས་ནས་ལོ་ངོ30འཁོར་བའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་འགོ་ཚུགས་པའི་ཚོགས་འདུ”བརྗོད་བྱ་གཙོ་བོར་བྱས་ནས་མཚོ་སྔོན་ཞིང་ཆེན་གྱི་མྱུར་སྐྱེལ་ལས་རིགས་ཀྱིས་ངལ་རྩོལ་གན་རྒྱའི་ལམ་ལུགས་ལ་སྐུལ་འདེད་གཏོང་བའི་ཆེད་དོན་བྱ་སྤྱོད་གཏིང་ཟབ་སྤེལ་ཏེ་མྱུར་སྐྱེལ་ཁེ་ལས་དང་མྱུར་སྐྱེལ་ལས་གཉེར་མི་སྣ་བཅའ་ཁྲིམས་ལྟར་ངལ་རྩོལ་གན་རྒྱ་འཇོག་རྒྱུར་མཛུབ་ཁྲིད་དང་སྐུལ་འདེད་གཏོང་བ་དང་། ཐུན་མོང་གྲོས་མོལ་ལམ་སྲོལ་འཛུགས་པ། མྱུར་སྐྱེལ་ལས་གཉེར་མི་སྣའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཏན་ཏིག་བྱེད་པ། འཆམ་མཐུན་གྱི་ངལ་རྩོལ་འབྲེལ་བ་གསར་པ་འཛུགས་པ་བཅས་ཀྱི་དམིགས་ཡུལ་ཡིན། 

ཉེ་བའི་ལོ་ཤས་རིང་ཞིང་ཆེན་ཡོངས་ཀྱི་ལས་ཞུགས་རྣམ་པ་གསར་པ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ་དང་མྱུར་སྐྱེལ་ལས་ཞུགས་མི་སྣའི་གཞི་ཁྱོན་རྒྱུན་མཐུད་ངང་འཕེལ་རྒྱས་ཕྱིན་ནས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། དཔལ་འབྱོར་འཁོར་རྒྱུག་ཤར་གཏོང་བྱེད་པ། དམངས་འཚོ་འགན་ལེན་བྱེད་པ་སོགས་ཀྱི་ཐད་ནུས་པ་གལ་ཆེན་ཐོན་ཡོད། ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱིས་འབྲེལ་ཡོད་སྡེ་ཁག་དང་འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་རང་འགུལ་ངང་འགན་འཁུར་ཏེ2023ལོའི་ཟླ6པར་མཚོ་སྔོན་ཞིང་ཆེན་མྱུར་སྐྱེལ་བཟོ་ཚོགས་བཙུགས་པ་དང་མིག་སྔར“མྱུར་སྐྱེལ་ཕོ་གསར་ཆུང་ཆུང”ཚོགས་ཞུགས་འགན་ཞུགས་ཀྱི་ལས་དོན་ཁྲོད་ཞུགས་དགོས་པ་ཚང་མ་འགན་བཅོལ་གང་ཐུབ་བྱས་ཡོད། ཚོགས་ཞུགས་འགན་ཞུགས་ཀྱི་ཁྱབ་ཁོངས་རྒྱ་ཆེར་གཏོང་བའི་ལས་དོན་ལ་གྲུབ་འབྲས་བཟང་པོ་ཐོབ་ནས་མྱུར་སྐྱེལ་དྲ་ཚིགས་དང“མྱུར་སྐྱེལ་ཕོ་གསར་ཆུང་ཆུང”ཀྱི་ལས་ཞུགས་ཉེན་ཁ་འགན་འཁུར་ནུས་ལྡན་ཐུབ་ཡོད། 

ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱིས་བཟོ་ཚོགས་རྩ་འཛུགས་ཀྱི་ཁྱབ་རྒྱ་སྔར་བས་ཆེ་རུ་གཏོང་བ་དང་། འགན་འཁྲི་སྒྲུབ་པ་ཧུར་ཐག་བྱས་ཏེ་ཏང་དང་སྲིད་གཞུང་དང་དེ་བཞིན་བཟོ་ཚོགས་རྩ་འཛུགས་ཀྱིས་མྱུར་སྐྱེལ་བྱེད་མཁན་ཚོགས་སྤྱིར་སེམས་ཁུར་དང་གཅེས་སྐྱོང་དོན་ཐོག་ཏུ་འཁྱོལ་ནས་ཁེ་ལས་དང་ངལ་རྩོལ་པའི་གྲུབ་འབྲས་མཉམ་སྤྱོད་ཐུབ་པ་དང་། ཁེ་ལས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ་མྱུར་སྐྱེལ་བྱེད་མཁན་ཚོགས་སྤྱིའི་ཁོངས་གཏོགས་ཀྱི་ཚོར་སྣང་དང་། ཐོབ་སྣང་། བདེ་སྐྱིད་ཀྱི་ཚོར་བ། བདེ་འཇགས་ཀྱི་ཚོར་སྣང་བཅས་ཏན་ཏིག་ཆེ་རུ་གཏང་རྒྱུ་རེད། །


 
རྩོམ་སྒྲིག་པ། : འཕགས་མོ་དོན་འགྲུབ།