ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས“སྲིད་གྲོས་ཨུ་ཡོན་གྱི་ནགས་ཚལ་བསྐྲུན་པའི”འོས་འགན་སྡོང་འཛུགས་བྱེད་སྒོ་སྤེལ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2024-04-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཆེས་མཛེས་པའི་མི་ཡུལ་གྱི་ཟླ་བཞི་བ་སྡོང་བོ་བཙུགས་ནས་ལྗང་མདོག་བསྐྲུན་པའི་དུས་བཟང་ཡིན། ཟླ4བའི་ཚེས23ཉིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཀྱིས་རྒྱལ་ཡོངས་དང་ཞིང་ཆེན། གྲོང་ཁྱེར(ཁུལ)། རྫོང(གྲོང་ཁྱེར་དང་ཆུས)རིམ་པ་བཞིའི་སྲིད་གྲོས་ཨུ་ཡོན་ཁག་གི་སྣེ་ཁྲིད་དེ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་གི་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་བཅོས་སྐྱོང་གི་ཞིང་སྡེའི་ཕྱོགས་བསྡུས་སྒྲིག་གཞི་འཛུགས་སྐྲུན་རྣམ་གྲངས“སྔོ་ལྗང་ལ་དགའ་ཞེན་དང་སྔོ་ལྗང་འདེབས་འཛུགས་ཀྱི་འདུ་ཤེས་དར་སྤེལ་གཏོང་བ་དང་སྲིད་གྲོས་ཨུ་ཡོན་གྱིས་མཉམ་དུ་ནགས་ཚལ་བསྐྲུན་པ”ཞེས་པའི་འོས་འགན་སྡོང་འཛུགས་ཀྱི་བྱེད་སྒོ་སྤེལ། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ། མཚོ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་ལུའི་ཀང་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཁོང་ཡུང་དང་ལི་ཞའོ་ནན་བཅས་སྡོང་འཛུགས་བྱ་འགུལ་ཞུགས། 

སྡོང་འཛུགས་ས་གནས་སུ་མགོན་པོ་བཀྲ་ཤིས་དང་ཨུ་ཡོན་ཚོས་མཉམ་དུ་ལྕགས་ཁེམ་བཟུང་ནས་སྡོང་ཕྲུག་རེ་རེ་བཞིན་ས་ནང་དུ་བཙུགས་ནས་ཆུ་གཏོར་བ་དང་། ཕྱོགས་གཅིག་ནས་ངལ་རྩོལ་བྱེད་པ་དང་ཕྱོགས་གཅིག་ནས་སྡོང་ཕྲུག་གི་སྣ་ཁ་དང་གསོན་ཚད། ནགས་ཚལ་ཁྱབ་ཚད་སོགས་ཀྱི་གནས་ཚུལ་བཅས་ལ་རྒྱུས་ལོན་བྱས་ཏེ་ཡུལ་དངོས་སུ་བྲེལ་འཚུབ་དང་སྤྲོ་སེམས་འཁོལ་བའི་རྣམ་པ་ཞིག་ཤར་ཡོད། ཐུན་མོང་གི་འབད་བརྩོན་འོག “སྲིད་གྲོས་ཨུ་ཡོན་གྱི་ནགས་ཚལ”གྱིས་སླར་ཡང་ས་གཞིར་ལྗང་མདོག་གསར་པ་ཞིག་བསྐྲུན། 

ཞིང་ཆེན་སྲིད་གྲོས་ཀྱིས2023ལོའི“སྲིད་གྲོས་ཨུ་ཡོན་གྱི་ནགས་ཚལ་བསྐྲུན་པའི”འོས་འགན་སྡོང་འཛུགས་བྱེད་སྒོ་སྤེལ་མགོ་ཚུགས་ནས། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་སྔར་བས་ཆེ་རུ་གཏོང་བ་དང་། འགུལ་སྐྱོད་དངོས་ཀྱི་སྟེང་ནས་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་ལག་སྟར་བྱེད་པ། སྡོང་འཛུགས་ནགས་བསྐྲུན་ནང་རང་འགུལ་ངང་ཞུགས་པའི་འགུལ་སྐྱོད་ཀྱི་རང་རྟོགས་བཅས་ཐུན་མོང་སྒོས་ཆེ་རུ་བཏང་ནས། “ལྗང་མདོག་བསྐྲུན་པ་དང་། ལྗང་མདོག་ལ་སྲུང་སྐྱོང་བྱེད་པ། ལྗང་མདོག་ལ་དགའ་ཞེན་བྱེད་པའི”སྤྱི་ཚོགས་ཀྱི་རྣམ་པ་ཧུར་ཐག་གིས་བཏོད། སྡོང་འཛུགས་བྱེད་སྒོར་ཞུགས་པའི་ཨུ་ཡོན་ཚོས་སྲིད་གྲོས་ཨུ་ཡོན་གྱི་དཔེ་སྟོན་སྣེ་ཁྲིད་ནུས་པ་འདོན་སྤེལ་ཏན་ཏིག་བྱས་ཏེ། ལས་རིགས་ཁག་གི་མང་ཚོགས་དེ་བས་མང་པོ་འོས་འགན་སྡོང་འཛུགས་བྱེད་སྒོར་ཞུགས་རྒྱུར་ཁྲིད་སྟོན་བྱས་ནས། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པར་སྟོབས་ཤུགས་འབུལ་དགོས་ཞེས་བསྟན། ། 

 
རྩོམ་སྒྲིག་པ། : བདེ་ལེགས་མཚོ།