ཀྲུང་གོ་བོད་ཀྱི་དྲ་བ།

གུང་ཧོ་རྫོང་གིས་ལས་གཏོད་གསར་གཏོད་ཀྱི་འགྲན་བསྡུར་སྐབས་དང་པོ་སྤེལ་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2024-04-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་གིས“ཞིང་ལས་ཚོང་དོན་རྟགས་མའི”ལས་གཏོད་གསར་གཏོད་འགྲན་བསྡུར་སྐབས་དང་པོ་སྤེལ་བ་དང་། སྒོ་འབྱེད་རྣམ་པའི་ལས་གཏོད་གསར་གཏོད་སྟེགས་བུ་བསྐྲུན་ནས་གཞོན་ནུ་ཚོར་གོ་སྐབས་ཀྱི་འདུ་ཤེས་ཆགས་པར་རོགས་རམ་བྱེད་པ་དང་། ཤེས་ལྡན་མི་སྣ་དེ་བས་མང་བ་གུང་ཧོ་རྫོང་དུ་ལས་གཏོད་བྱ་རྒྱུར་འགུག་རྒྱུ་རེད།

ཐེངས་འདིའི“ཞིང་ལས་ཚོང་དོན་རྟགས་མའི”ལས་གཏོད་གསར་གཏོད་ཀྱི་འགྲན་བསྡུར་གུང་ཧོ་རྫོང་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་བྱས་པ་དང་། གུང་ཧོ་རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ། གུང་ཧོ་རྫོང་ལས་ཞུགས་ཅུའུ། མཚོ་ལྷོ་ཁུལ་ལས་གཏོད་གསོ་སྦྱོང་ར་བ་བཅས་ཀྱིས་སྒྲུབ་འགན་འཁུར། འགྲན་བསྡུར་དེ་ཟླ4པའི་ཚེས26ཉིན་ནས་ཟླ5པའི་ཚེས8ཉིན་བར་མཇུག་འགྲིལ་ཞིང་། རྣམ་གྲངས་ཐད་ཚོང་ལས་གསར་སྤེལ་གྱི་རིན་ཐང་ལྡན་པ་དང་། དོན་དངོས་ཀྱི་སྤྱོད་སྒོ་རྒྱ་ཆེ་བ། ཁྲོམ་ར་འཕེལ་རྒྱས་ཀྱི་བར་མཐོངས་ཆེ་བ། ཚོགས་སྤྱི་སྣ་ཚོགས་ཀྱི་ལས་ཞུགས་ལ་སྐུལ་འདེད་ཐེབས་པ་བཅས་དང་དུས་མཚུངས་སུ། གསར་གཏོད་གྲུབ་འབྲས་འཐུས་ཚང་ཆེ་རུ་འགྲོ་བ་དང་། ཐོན་ལས་ཅན་གྱི་ཆ་རྐྱེན་ཚང་བ། ཐོན་ལས་ཅན་གྱི་མི་མངོན་པའི་སྟོབས་ཤུགས་ལྡན་པ་བཅས་བྱེད་དགོས་པའི་བླང་བྱ་བཏོན།

གུང་ཧོ་རྫོང་ནི་མཚོ་བོད་ལྷོ་རྒྱུད་ས་ཁུལ་གྱི་འགྲིམ་འགྲུལ་གྱི་འགག་མདོ་གལ་ཆེན་ཡིན་ལ། “མཚོ་བོད་ཀྱི་མགྲིན་པ”ཞེས་པའི་མཚན་སྙན་ལྡན། འབྲོག་ལས་འཕེལ་རྒྱས་ཀྱི་མདུན་ལམ་རྒྱ་ཆེ་ལ་ནུས་ཁུངས་གཙང་མ་ཕུན་སུམ་ཚོགས་པ། ཟི་ལིང་གི“ཆུ་ཚོད་གཅིག་གི་དཔལ་འབྱོར་ཁུལ”གྱི་གྲུབ་ཆ་གལ་ཆེན་ཞིག་ཀྱང་ཡིན། ཐེངས་འདིའི་འགྲན་བསྡུར་དེ་གཙོ་བོ་གཞོན་ནུ་བྱ་གཞག་གསར་གཏོད་པ་དང་། སློབ་ཆེན་སློབ་མ། ཆེད་ལས་ལག་རྩལ་ཤེས་ལྡན་མི་སྣ། ཚོགས་པ། ཁེ་ལས་སོགས་ལ་ཕྱོགས་པ་དང་། འགྲན་བསྡུར་ནང་ཞུགས་པའི་རྣམ་གྲངས་དེ་ཐོན་ལས་ཀྱི“གནས་བཞིའི”འཛུགས་སྐྲུན་དང་དམ་ཟབ་འབྲེལ་བ་ཡོད་པ་དང་། བཟོ་སྐྲུན་ལས་རིགས་རྣམ་གྲངས་དང་ཞབས་ཞུའི་ལས་རིགས་རྣམ་གྲངས། ངལ་ལས་མིང་རྟགས་རྣམ་གྲངས། གྲོང་གསེབ་དར་སྤེལ་གཏོང་བའི་རྣམ་གྲངས། ཤུལ་བཞག་རིག་གནས་རྣམ་གྲངས་བཅས་ཚོགས་ཆུང5ལ་དབྱེ་ཡོད་པ་རེད། །  

 
རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།