ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་གྱིས་འཛམ་གླིང་སའི་གོ་ལའི་ཉིན་མོའི་བརྗོད་དོན་བྱེད་སྒོ་སྤེལ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རྡོ་རྗེ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2024-04-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས22ཉིན་ནི་འཛམ་གླིང་སའི་གོ་ལའི་ཉིན་མོ་ཐེངས55པ་ཡིན་པས། མཚོ་སྔོན་གྱི་བརྗོད་དོན་བྱེད་སྒོ་ཟི་ལིང་གྲོང་ཁྱེར་ཙོང་ཆུ་རྒྱལ་ཁབ་བརླན་སའི་སྤྱི་གླིང་དུ་སྤེལ་མགོ་བརྩམས། ད་ལོའི་བརྗོད་དོན་གཙོ་བོ་ནི་སའི་གོ་ལར་གཅེས་སྐྱོང་དང་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་བར་བྱ་ཞེས་པ་དེ་རེད། 

ཉིན་དེར་མཚོ་སྔོན་ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིང་གི་ཁོངས་གཏོགས་ལས་བྱེད་པ་དང་ལས་བཟོ་པས་འགྲེམས་སྟོན་པང་ལེབ་དང་།བརྗོད་དོན་དྲིལ་སྒྲོག་གི་བརྡ་སྦྱོར།  བརྙན་ཐུང་། བྱ་དགའ་ཡོད་པའི་དྲི་བ་དྲིས་ལན་སོགས་ཀྱི་རྣམ་པས་དྲིལ་སྒྲོག་བྱེད་སྒོ་སྤེལ། མཚོ་སྔོན་ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིང་གིས་མཚོ་སྔོན་ཞིང་ཆེན་རང་བྱུང་ཐོན་ཁུངས་རྟེན་རྫས་བཤམས་མཛོད་ཁང་གི“རྒྱལ་ཁབ་རང་བྱུང་ཐོན་ཁུངས་ཚན་རིག་ཁྱབ་གདལ་རྟེན་གཞིར”སྒོ་བྱང་བཀལ་ཏེ།  མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མིན་ཡོན་ཧུའེ་རིགས་རང་སྐྱོང་རྫོང་དྲུ་གུ་ཤང་སློབ་ཆུང་གི་སློབ་མ་ཚོར་དཔེ་དེབ་ཞལ་འདེབས་བྱས།  དེ་དང་ཆབས་ཅིག མཚོ་སྔོན་ཞིང་ཆེན་རང་བྱུང་ཐོན་ཁུངས་རྟེན་རྫས་བཤམས་མཛོད་ཁང་གིས་སློབ་གྲྭ་དང་མཉམ་ལས་བྱས་པའི་ཟི་ལིང་གྲོང་ཁྱེར་ཝུན་ཧུའེ་སློབ་ཆུང་དང་། ཧྲིན་ལི་ལམ་སློབ་ཆུང་སོགས་ཀྱིས“ངའི་སེམས་ཀྱི་སའི་གོ་ལའི་རི་མོ་བསྡུ་རུབ་བྱེད་སྒོའི”ནང་ཞུགས་ནས་བྱ་དགའ་ཐོབ་པའི་འགྲན་ཞུགས་པའི་འཐུས་མི108ལ་བྱ་དགའ་གནང་།

སའི་གོ་ལའི་ཉིན་མོའི་དུས་སྐབས་སུ་རང་བྱུང་ཐོན་ཁུངས་དྲིལ་སྒྲོག་གི་གཞི་རྟེན་ཡིན་པའི་མཚོ་སྔོན་ཞིང་ཆེན་རང་བྱུང་ཐོན་ཁུངས་རྟེན་རྫས་བཤམས་མཛོད་ཁང་གིས་ནང་དོན་ཕུན་སུམ་ཚོགས་ཤིང་རྣམ་པ་སྣ་ཚོགས་ཀྱི་ཚན་རིག་ཁྱབ་གདལ་དྲིལ་སྒྲོག་བྱེད་སྒོ་ཞིག་རྩ་འཛུགས་བྱས་ནས་སྤེལ།  དྲ་ཐོག་དང་ཡུལ་དངོས་དང་། སྒོ་ཕྱིར་འགྲོ་བ་དང་ནང་དུ་ཡོང་བ་ཟུང་འབྲེལ་གྱི་བྱེད་ཐབས་བརྒྱུད་དེ་སློབ་གྲྭ་དང་སྡེ་ཁུལ་ལ་ཁ་ཕྱོགས་ནས་བྱེད་སྒོ་སྣ་ཚོགས་སྤེལ། དེ་དང་ཆབས་ཅིག མིན་ཡོན་རྫོང་དྲུ་གུ་ཤང་སློབ་ཆུང་གི་དགེ་སློབ60ཡིས་རྟེན་མཛོད་ཁང་དུ་ལྟ་སྐོར་དང་ཞིབ་འཇུག་སློབ་སྦྱོང་བྱེད་པའི་བྱེད་སྒོར་ཞུགས།  

མཚོ་སྔོན་ཞིང་ཆེན་རང་བྱུང་ཐོན་ཁུངས་རྟེན་རྫས་བཤམས་མཛོད་ཁང་གི་མགོ་བ་གཞོན་པ་ཀྲང་ཀྲུང་ཡུའེ་ཡིས་ང་ཚོས་དགེ་སློབ་ཚོ་རྟེན་མཛོད་ཁང་གི་ཞིབ་འཇུག་སློབ་སྦྱོང་བྱེད་སྒོར་གདན་དྲངས་ཡོད་པ་མ་ཟད།  ཞིབ་འཇུག་སློབ་སྦྱོང་གི་བྱེད་སྒོ་དེ་ཝུན་ཧུའེ་སློབ་ཆུང་ནས་སྤེལ་ཏེ་སའི་གོ་ལའི་ཉིན་མོའི་བརྗོད་དོན་བྱེད་སྒོ་ཁྱོན་ཡོངས་ནས་སྤེལ།  བྱེད་ཐབས་མང་པོ་བརྒྱུད་དེ་ཞི་ཅིན་ཕིང་གི་དཔལ་ཡོན་བསམ་བློ་བརྒྱུད་སྒྲོག་བྱས་ནས། སྤྱི་དམངས་དང་རང་བྱུང་ཁམས་གཉིས་འཆམ་མཐུན་མཉམ་གནས་ཡོང་བའི་འདུ་ཤེས་མཐོར་འདེགས་སུ་བཏང་པ་ཡིན་ཟེར།  

       རྒྱུས་ལོན་པ་ལྟར་ན།  བྱེད་སྒོ་སྤེལ་སྐབས་སུ་མཚོ་སྔོན་ཞིང་ཆེན་རང་བྱུང་ཐོན་ཁུངས་སྡེ་ཁག་གིས་རང་བྱུང་ཐོན་ཁུངས་དང་རྒྱལ་ཁབ་ཀྱི་གནས་ཚུལ། རྒྱལ་ཁབ་ཀྱི་སྲིད་ཇུས། རྒྱལ་ཁབ་ཀྱི་ཁྲིམས་ལུགས་བཅས་སྔར་བས་དྲིལ་སྒྲོག་ལེགས་པོ་བྱས་ནས་རང་བྱུང་ཐོན་ཁུངས་ཀྱི་གཏམ་རྒྱུད་ལྷུག་པོར་བརྗོད་དེ་སྤྱི་ཚོགས་ཡོངས་ཀྱི་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་བྱེད་པའི་ངོས་ཤེས་ཇེ་དྲག་ཏུ་བཏང་པ་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ལག་ལེན་ཁྲོད་ཧུར་ཐག་གིས་ཞུགས་པར་སྣེ་ཁྲིད་བྱས། ། 

 
རྩོམ་སྒྲིག་པ། : རྡོ་རྗེ་སྐྱིད།