ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཚོགས་འདུ་དང་རྒྱུན་ལས་ཚོགས་འདུ་སྔ་རྗེས་སུ་འཚོགས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2024-04-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས18ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅིའམ་ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་སྔ་རྗེས་སུ་མགོ་འཛིན་གནང་ནས་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཚོགས་འདུ་དང་རྒྱུན་ལས་ཚོགས་འདུ་བསྡུས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་ཀྲུང་དབྱང་གི་ཚོགས་འདུ་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བརྒྱུད་སྒྲོག་བྱས་པ་དང་། ཞིང་ཆེན་ཏང་ཨུའི་བླང་བྱ་དངོས་འབེབས་བྱས་པ། དུས་ཚིགས་དང་པོའི་དཔལ་འབྱོར་གནས་བབ་ལ་དབྱེ་ཞིབ་བྱས་ཏེ། གོམ་སྟབས་རྗེས་མའི་གཙོ་གནད་ལས་དོན་ལ་ཞིབ་འཇུག་བྱས།

ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་སའི་འོས་འགན་སྡོང་འཛུགས་བྱེད་སྒོར་ཞུགས་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བརྒྱུད་སྒྲོག་བྱས་ཏེ། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་སློབ་སྦྱོང་ཟབ་མོ་དང་ལག་བསྟར་མཐའ་འཁྱོལ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་ལས་དོན་ཐད་ཀྱི་བླང་བྱ་གལ་ཆེན་ཕྱོགས་ཡོངས་ནས་དངོས་འབེབས་བྱེད་པ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་སྐྲུན་པར་དམིགས་པ། ལྗང་སྐྱེད་དང་ལྗང་དར། ལྗང་སྲུང་བཅས་མཉམ་སྒྲུབ་རྒྱུན་འཁྱོངས་བྱེད་པ། ལྗང་འཕེལ་ལྗང་སྐྱེད་ཀྱི་རྒྱུད་ཁོངས་དམག་འཐབ་དང་ལྗང་སྲུང་ལྗང་སྡོམ་གྱི་སྲུང་སྐྱོབ་དམག་འཐབ། ལྗང་དར་ལྗང་སྩོལ་གྱི་རོགས་ཤུགས་དམག་འཐབ། བྱང་གསུམ་བཟོ་སྐྲུན་གྱི་འགག་སྒྲོག་དམག་འཐབ། གནད་དོན་བཅོས་སྐྱོང་གི་རྩ་གཏོར་དམག་འཐབ། འདེགས་སྐྱོར་འགན་ལེན་གྱི་མཉམ་འབྲེལ་དམག་འཐབ་བཅས་སྟོབས་ཤུགས་ཡོད་རྒུས་ལེགས་པར་རྒྱག་པ། དམངས་ཡོངས་འོས་འགན་སྡོང་འཛུགས་མུ་མཐུད་དུ་གཏིང་ཟབ་སར་དང་དངོས་ལ་འབེབས་པར་སྐུལ་འདེད་བཏང་ནས། གནམ་སྔོ་བ་དང་ས་ལྗང་བ། ཆུ་དྭངས་པའི་རབ་མཛེས་མཚོ་སྔོན་མྱུར་ཏུ་སྐྲུན་དགོས་ཞེས་ནན་གྱིས་བསྟན།

ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཱ་དབྱིན་ཅིའུ་འཁོར་དང་བཅས་པར་ཐུག་འཕྲད་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་པ་སློབ་སྦྱོང་བརྒྱུད་སྒྲོག་བྱས་ནས། དུས་རབས་གསར་པའི་ཏང་གིས་ཐའེ་ཝན་གནད་དོན་ཐག་གཅོད་པའི་སྤྱིའི་བྱེད་ཕྱོགས་དང་ཏང་ཀྲུང་དབྱང་གི་ཐའེ་ཝན་ལས་དོན་གྱི་ཇུས་ཆོད་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་དངོས་འབེབས་བྱེད་པ་དང་། མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་བརླིང་གི་ཆབ་སྲིད་འགན་འཁྲི་གལ་ཆེན་ངེས་པ་དོན་གྱིས་ཕྲག་ཏུ་ཁུར་བ། ངོགས་གཉིས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་འདུ་ཤེས་འཛིན་པ། ངོགས་གཉིས་ཀྱི་ཁེ་ལས་པས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཇུས་བློ་བཀོད་པའི་གླེང་སྟེགས་གྲུབ་འབྲས་རྒྱ་སྐྱེད་ཟབ་སྤེལ་བྱས་ཏེ། ངོགས་གཉིས་འདྲེས་སྦྱོར་འཕེལ་རྒྱས་ལ་སྔར་ལས་སྟོབས་ཤུགས་ཆེན་པོ་སྐྱེས་སུ་འབུལ་དགོས་ཞེས་ནན་གྱིས་བསྟན།

ཚོགས་ཐོག་ནས། ཟླ4པའི་ཚེས12ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུའི་དགོངས་དོན་སློབ་སྦྱོང་བརྒྱུད་སྒྲོག་བྱས་ནས། ཡུལ་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དམིགས་ནས། སྤྱིའི་སྟོབས་ཤུགས་དང་འགྲན་རྩོད་ནུས་པ་མུ་མཐུད་དུ་མཐོར་འདེགས་དགོས། ཡུན་ཕན་ལམ་སྲོལ་འཛུགས་པར་དམིགས་ནས། ཁེ་ལས་ཀྱི་དངུལ་བུན་གནད་དོན་ཐག་གཅོད་དགོས། གཙོ་གནད་ཁྱབ་ཁོངས་ཀྱི་ནུས་གྲོན་ཐཱན་ཕབ་ལ་སྐུལ་འདེད་གཏོང་བར་དམིགས་ནས། དཔལ་འབྱོར་ཕན་འབྲས་དང་སྤྱི་ཚོགས་ཕན་འབྲས། སྐྱེ་ཁམས་ཕན་འབྲས་བཅས་ཕན་ཚུན་གཅིག་གྱུར་མངོན་འགྱུར་བྱེད་དགོས། གློག་སྒུལ་ལྕགས་རྟའི་བདེ་འཇགས་དོ་དམ་ལ་ཤུགས་སྣོན་པར་དམིགས་ནས། སྡོད་ཁང་སྡེ་ཁུལ་གྱི་བདེ་འཇགས་འགོག་རགས་བརྟན་པོར་རྩིག་དགོས་ཞེས་ནན་གྱིས་བསྟན།

ཚོགས་ཐོག་ནས་དུས་ཚིགས་དང་པོའི་དཔལ་འབྱོར་གནས་བབ་ལ་དབྱེ་ཞིབ་བརྡར་གཅོད་བྱས་ནས། མིག་སྔར་གྱི་དཔལ་འབྱོར་གནས་བབ་ལ་ཕྱི་རོལ་ཡུལ་དང་མཐུན་པར་ཕྱོགས་ཡོངས་ནས་བལྟ་བ་དང་། ཡིད་ཆེས་དང་ཆོད་སེམས་སྔར་ལས་བརྟན་དུ་འཇུག་པ། བརྟན་ཐོག་ཡར་འཕེལ་དང་འཕེལ་བས་བརྟན་སྐུལ། སྔོན་སློང་རྗེས་གཏོར་བཅས་རྒྱུན་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ལ་ཡང་དག་ཅིང་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དམིགས་དགོས། ལས་བྱེད་པས་ལས་སྒྲུབ་དགོས་པ་དང་རིགས་ལམ་གསལ་དགོས་པ། རང་གཅུན་དམ་དགོས་པའི་ལས་དོན་བླང་བྱ་ཕྱོགས་ཡོངས་ནས་དངོས་འབེབས་བྱེད་པ་དང་། ལས་དོན་གྱི་གནད་སྨིན་རང་བཞིན་དང་བཀོད་གཏོང་གི་ཕན་འབྲས་རང་བཞིན་ཇེ་དྲག་ཏུ་གཏོང་བར་དམིགས་པ། ལོ་འཁོར་གྱི་དམིགས་འབེན་དམིགས་ནས་གཡོ་འགུལ་མི་གཏོང་བ། སྲིད་ཇུས་དངོས་འབེབས་ནན་འཛིན་དང་ལས་གཞི་དངུལ་གཏོང་ཇེ་དྲག་ཏུ་གཏོང་བ། འཛད་སྤྱོད་མཐོར་འདེགས་ལ་སྐུལ་བ། ཚོང་འགུག་དངུལ་འདྲེན་ལ་ཤུགས་བསྣན་ནས། དུས་ཚིགས་གཉིས་པར་འབད་པ་བྱེད་པ་དང་ཟུང་ཕྱེད་བརྒལ་བརྩོན་ལེན་ཕོད་པ། ལོ་ཧྲིལ་པོ་བརྟན་པ་འབད་པས་ཁག་ཐེག་བྱེད་པ་བཅས་བྱེད་དགོས་ཞེས་ནན་གྱིས་བསྟན།

ཚོགས་ཐོག་ནས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི2023ལོའི་ཞིང་ཆེན་རིམ་པའི་སྲིད་གཞུང་གི་བདེ་འཇགས་ཐོན་སྐྱེད་དང་མེ་འགོག་ལས་དོན་དཔྱད་ཞིབ་སྐོར་ཞིབ་མཇུག་འབྲས་བརྡ་ཁྱབ་བཏང་བའི་གནས་ཚུལ་སྙན་ཞུར་མཉན་ནས། མུ་མཐུད་དུ་འགན་འཁྲི་ཁུར་བ་དང་ལས་དོན་ནན་མོར་འཛིན་པ། ལམ་ལུགས་འཛུགས་པ། གཞི་རིམ་སྟོབས་ལྡན་དུ་གཏོང་བ། སྔོན་འགོག་འཛིན་པ། སྤྱོད་ཚུལ་ཇེ་ལེགས་སུ་གཏོང་བ་བཅས་བྱས་ཏེ། ཆུ་ཚད་མཐོ་བའི་བདེ་འཇགས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགན་ལེན་བྱེད་དགོས་ཞེས་ནན་གྱིས་བསྟན།

ཚོགས་ཐོག་ནས། 《མཚོ་སྔོན་ཞིང་ཆེན་ཚྭ་མཚོ་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲོལ་ཡིག(འཆར་ཟིན)》དང《གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྲོལ་ཡིག(ཚོད་ལྟའི་ལག་བསྟར)》 《མཚོ་སྔོན་ཞིང་ཆེན་ཙོང་ཆུའི་འབབ་རྒྱུད་ཆུ་སྦགས་བཙོག་འགོག་བཅོས་སྲོལ་ཡིག(འཆར་ཟིན)》བཅས་ལ་བགྲོ་གླེང་བྱས་ནས་རྩ་དོན་ཐོག་གྲོས་འཆམ་བྱུང་། སྔར་ལས་ལྷག་པར་བཟོ་བཅོས་ཆ་ཚང་བརྒྱབ་རྗེས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་གྲོས་ཞིབ་ཏུ་ཡར་སྤྲོད་རྒྱུའི་བླང་བྱ་བཏོན། 《མཚོ་སྔོན་ཞིང་ཆེན་ཆུ་ལམ་དོ་དམ་ལག་བསྟར་བྱེད་ཐབས》མེད་པར་བཟོ་བའི་སྐོར་ཀྱི་ཐག་གཅོད་ལ་གྲོས་ཞིབ་བྱས་ཤིང་རྩ་དོན་ཐོག་གྲོས་འཆམ་བྱུང་། ཞིང་ཆེན་སྲིད་གཞུང་གིས་བཀའ་བསྒྲགས་ནས་སྤྱི་སྒྲོག་ལག་བསྟར་བྱ་རྒྱུ་རེད།

ཚོགས་ཐོག་ནས། 《སྐྱེ་ཁམས་ཁོར་ཡུག་རྒྱུན་རྣམ་ཅན་གྱི་ལྟ་སྐུལ་དོ་དམ་དང་འགན་འདྲི་ལ་ཤུགས་སྣོན་པའི་ལག་བསྟར་བསམ་འཆར》དང《2023ལོའི་མཚོ་སྔོན་ཞིང་ཆེན་གྱི་ཚན་རིག་ལག་རྩལ་བྱ་དགའ་དཔྱད་ཞིབ་མཇུག་འབྲས》གཉིས་ལ་གྲོས་ཞིབ་བྱས་ཤིང་རྩ་དོན་ཐོག་གྲོས་འཆམ་བྱུང་།

ཚོགས་ཐོག་ནས་ད་དུང་དོན་དག་གཞན་ལའང་ཞིབ་འཇུག་བྱས། ། 

 
རྩོམ་སྒྲིག་པ། : གསང་བདག་རྒྱལ།