ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རྒྱལ་ཁོངས་ལྗང་སྒྱུར་དང་བྱང་གསུམ་བཟོ་སྐྲུན་འགག་སྒྲོལ་དམག་འཐབ་སྐུལ་སློང་ཚོགས་ཆེན་འཚོགས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2024-04-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས15ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རྒྱལ་ཁོངས་ལྗང་སྒྱུར་དང་བྱང་གསུམ་བཟོ་སྐྲུན་འགག་སྒྲོལ་དམག་འཐབ་སྐུལ་སློང་ཚོགས་ཆེན་ཟི་ལིང་དུ་འཚོགས། ཚོགས་ཐོག་ནས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་སློབ་སྦྱོང་ལག་བསྟར་ཟབ་མོ་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་ལས་དོན་ཐད་ཀྱི་བླང་བྱ་གལ་ཆེན་ཕྱོགས་ཡོངས་ནས་དངོས་འབེབས་བྱས་པ། 2023ལོའི་ཞིང་ཆེན་ཡོངས་ཀྱི་རྒྱལ་ཁོངས་ལྗང་སྒྱུར་ཕན་འབྲས་སྤྱི་སྡོམ་བྱས་པ། བྱང་གསུམ་བཟོ་སྐྲུན་འགག་སྒྲོལ་དམག་འཐབ་སྟོབས་ཤུགས་ཡོད་རྒུས་ལེགས་པར་རྒྱག་པ་དང་ཚན་རིག་དང་མཐུན་པའི་ལྗང་སྒྱུར་ལ་ཡང་བསྐྱར་སྐུལ་སློང་དང་ཡང་བསྐྱར་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཁྲེན་ཀང་གིས་མགོ་འཛིན་མཛད་པར་མ་ཟད་གསུང་བཤད་གནང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་ད་ལོའི་རྒྱལ་ཁོངས་ལྗང་སྒྱུར་ལས་དོན་དང་བྱང་གསུམ་བཟོ་སྐྲུན་འགག་སྒྲོལ་དམག་འཐབ་འཛུགས་སྐྲུན་ལ་བཀོད་སྒྲིག་མཛད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིའུ་ཆི་ཧྥན་ཚོགས་འདུར་ཞུགས།

ཁྲེན་ཀང་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་མཛད་ནས་འདས་པའི་ལོ་གཅིག་གི་རང་ཞིང་གི་རྒྱལ་ཁོངས་ལྗང་སྒྱུར་ཕན་འབྲས་ལ་གདེང་འཇོག་གང་ལེགས་གནང་ནས། གཞི་རྒྱ་ཆེན་པོས་རྒྱལ་ཁོངས་ལྗང་སྒྱུར་ལག་ཏུ་བསྟར་བ་ནི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་བསྟར་བྱས་པའི་གསོན་ཉམས་ལྡན་པའི་ལག་ལེན་ཡིན་ལ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་སྐྲུན་པ་དང་རབ་མཛེས་མཚོ་སྔོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཐེག་གཟུགས་གལ་ཆེན་ཡང་ཡིན་པས། མི་རབས་ཚ་རྒྱུད་ལ་བདེ་སྐྱིད་སྐྲུན་པའི་བློ་ཁོག་ཆེན་པོས། འབད་བརྩོན་ལྷོད་མེད་ཀྱིས་རྒྱལ་ཁོངས་ལྗང་སྒྱུར་དང་ཁྱིམ་གཞིས་མཛེས་སྒྱུར་བྱས་ཏེ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་བྱེད་པ་དང་རབ་མཛེས་ཀྲུང་གོ་འཛུགས་སྐྲུན་ལ་མཚོ་སྔོན་གྱི་སྟོབས་ཤུགས་འབུལ་དགོས་ཞེས་བསྟན།

ཁྲེན་ཀང་གིས། རྒྱལ་དོན་གྱི་ཆེ་ཕྱོགས་ཡིད་ལ་དམ་པོར་འཛིན་པ་དང་། གཙང་གསུམ་འབྱུང་ཡུལ་སྲུང་སྐྱོང་དང་ཀྲུང་ཧྭའི་ཆུ་མཛོད་སྲུང་སྐྱོང་གི་འགན་འཁྲི་ལྗིད་མོ་ཕྲག་ཏུ་ལེན་པ། རྒྱལ་ཁོངས་ལྗང་སྒྱུར་ལས་དོན་ལེགས་པར་སྒྲུབ་པ་ཧ་ཅང་གལ་ཆེ་བས། ཆབ་སྲིད་འགན་འཁྲི་ཕྲག་ཏུ་ལེན་པ་དང་། བྱང་གསུམ་བཟོ་སྐྲུན་འགག་སྒྲོལ་དམག་འཐབ་ལས་རྣམ་པར་རྒྱལ་བ་དེ་རྒྱལ་ཁབ་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་པོར་རྩིག་པའི་ཆབ་སྲིད་བརྟག་བཤེར་དུ་འཛིན་པ། ཀྲུང་དབྱང་གི་སྐྱེ་ཁམས་ཁོར་སྲུང་ལྟ་ཞིབ་སྐོར་ལྔ་པའི་ཕྱིར་ལྡོག་གནད་དོན་བཅོས་སྐྱོང་ལ་སྐུལ་འདེད་ནན་མོ་གཏོང་བ། གནད་དོན་རྙིང་པ་ཐག་གཅོད་དགོས་ལ། གནད་དོན་གསར་པ་འབྱུང་བར་དེ་བས་ཀྱང་འགོག་དགོས་ཤིང་། སྔར་ལས་ཚད་གཞི་མཐོན་པོས་མཚོ་སྔོན་གྱི་ནགས་ཚལ་རྩྭ་ཐང་སྲུང་སྐྱོང་ལེགས་པོ་བྱེད་པ་དང་། འགུལ་སྐྱོད་དངོས་ལ་བརྟེན་ནས་སྐྱེ་ཁམས་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་དགོས། ལས་དོན་སྤྱི་འདོམས་ལ་ཤུགས་སྣོན་པ་དང་། ཞིང་ཆེན་ཡོངས་ཀྱི་ལྗང་སྒྱུར་ལས་འགན་སྤྱི་འབོར་དང་བྱེ་བྲག་གི་ལྗང་སྒྱུར་དགོས་མཁོ་ལ་སྤྱི་ཡོངས་ནས་བསམ་གཞིག་གཏོང་བ། སྐྱེ་ཁམས་ཆུ་བེད་སྤྱོད་བགོ་འགྲེམ་ཚན་རིག་དང་མཐུན་པར་བཀོད་སྒྲིག་བྱེད་པ། རྒྱལ་ཁོངས་ལྗང་སྒྱུར་གྱི་ཕྱི་དུམ་གསོ་སྐྱོང་བདག་སྐྱོང་ཕན་འབྲས་ལ་མཐོང་ཆེན་བྱེད་པ། ཁོངས་གཏོགས་དོ་དམ་འགན་འཁྲི་དངོས་འབེབས་བྱེད་པ། གཞི་རིམ་ནགས་རྩྭའི་བདག་སྐྱོང་ས་ཚིགས་དང་སྐྱེ་ཁམས་བདག་སྐྱོང་པའི་ནུས་པ་ཕུན་སུམ་ཚོགས་པར་འདོན་པ། ནགས་ཚུལ་རྩྭ་ཐང་མེ་འགོག་ལ་ཤུགས་བསྣན་ནས། བཟོ་སྐྲུན་ལས་འཕྲོ་ཅན་དང་ས་ཆུ་བེད་སྤྱོད་སྒྲིག་འགལ་སོགས་ཀྱི་གནད་དོན་འབྱུང་བར་གཡོལ་དགོས། སྒྲིག་ལམ་སྤྱོད་ཚུལ་ཇེ་དྲག་ཏུ་གཏོང་བ་དང་། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དེ་རྒྱལ་ཁོངས་ལྗང་སྒྱུར་ལས་དོན་ལེགས་པར་སྒྲུབ་པའི་དངོས་ཡོད་འགུལ་སྐྱོད་དུ་ངེས་པ་དོན་གྱིས་སྒྱུར་བ། ལས་མི་བྱེད་པ་དང་གང་བྱུང་མང་བྱུང་བྱེད་པའི་གནད་དོན་མཐའ་གཅིག་ཏུ་ཞིབ་བཤེར་ཐག་གཅོད་བྱེད་པ། བཟོ་སྐྲུན་འཛུགས་སྐྲུན་འགུག་གཏོང་ལས་དོན་བཅོས་སྐྱོང་ཚད་ལྡན་དུ་གཏོང་བ། ལས་གཞི་ཟིང་ལོང་དང་དེའི་རྒྱབ་ཀྱི་སྤྱོད་ཚུལ་དང་རུལ་སུངས་གནད་དོན་ཞིབ་བཤེར་ནན་མོ་བྱས་ཏེ། སྲོལ་བཟང་སྤྱོད་གཙང་གི་ཆབ་སྲིད་སྐྱེ་ཁམས་ལ་བརྟེན་ནས་རི་སྔོ་ཆུ་དྭངས་ཀྱི་རང་བྱུང་སྐྱེ་ཁམས་ལ་གཡས་སྐྱོར་གཡོན་འདེགས་བྱེད་དགོས་ཞེས་ནན་གྱིས་བསྟན།

ཝུའུ་ཞའོ་ཅུན་གྱིས་བཀོད་སྒྲིག་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་ཟབ་མོ་བྱེད་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་སྐྲུན་པར་དམིགས་པ། རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་སྣེ་ཁྲིད་དུ་བྱེད་པ། ལྗང་སྐྱེད་དང་ལྗང་དར། ལྗང་སྲུང་བཅས་རྒྱུན་འཁྱོངས་བྱས་ཏེ། གནམ་སྔོ་བ་དང་ས་ལྗང་བ། ཆུ་དྭངས་པའི་རབ་མཛེས་མཚོ་སྔོན་མྱུར་ཏུ་འཛུགས་སྐྲུན་བྱེད་དགོས། ལྗང་འཕེལ་ལྗང་སྐྱེད་རྒྱུད་ཁོངས་དམག་འཐབ་སྟོབས་ཤུགས་ཡོད་རྒུས་ལེགས་པར་རྒྱག་པ་དང་། ཆུ་བསྟུན་ལྗང་ཕབ་དང་ཡུལ་བསྟུན་ལྗང་སྐྱོང་། དུས་བསྟུན་ལྗང་བསྟར་བཅས་རྒྱུན་འཁྱོངས་བྱེད་པ། གང་ཞིག་འཛུགས་པ་དང་ཅི་ཞིག་འཛུགས་པ། ཇི་ལྟར་འཛུགས་པའི་གནད་དོན་སྔར་ལས་ལེགས་པར་ཐག་བཅད་དེ། ལྗང་མདོག་གི་རྨང་རྟེན་མུ་མཐུད་དུ་ཇེ་མཐུག་ཏུ་གཏོང་དགོས། ལྗང་སྲུང་ལྗང་སྐྱོང་འགོག་སྲུང་དམག་འཐབ་སྟོབས་ཤུགས་ཡོད་རྒུས་ལེགས་པར་རྒྱག་པ་དང་། ཕྱི་དུམ་གྱི་གསོ་སྐྱོང་བདག་སྐྱོང་ལམ་ལུགས་འཐུས་ཚང་འཛུགས་པ། ལྟ་སྡོམ་ལྟ་ཞིབ་ཇེ་དྲག་ཏུ་གཏོང་བ། ནགས་ཚལ་རྩྭ་ཐང་མེ་འགོག་མེ་གསོད་ལས་དོན་ལེགས་པར་བསྒྲུབས་ཏེ། ཐོབ་པར་དཀའ་བའི་ལྗང་མདོག་གྲུབ་འབྲས་སྲ་བརྟན་ལེགས་པོ་གཏོང་དགོས། ལྗང་དར་ནུས་རྩལ་རོགས་ཤུགས་དམག་འཐབ་སྟོབས་ཤུགས་ཡོད་རྒུས་ལེགས་པར་རྒྱག་པ་དང་། ནགས་ཚལ་རྩྭ་ཐང་གི་ཆུ་མཛོད་དང་དངུལ་མཛོད། འབྲུ་མཛོད། ཐཱན་མཛོད་བཅས་སྔར་ལས་མཉམ་འགུལ་ལེགས་པོ་ལ་སྐུལ་འདེད་གཏོང་བ། ཆུ་དྭངས་རི་སྔོ་རྒྱ་སྐྱེད་པ་དེ་གསེར་རི་དངུལ་རིའི་བརྒྱུད་ལམ་དུ་སྒྱུར་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ། ཐཱན་ཟུང་འཐབ་ཇུས་དམིགས་འབེན་མངོན་འགྱུར་བཅས་ལ་སྔར་ལས་ལེགས་པར་རོགས་སྐུལ་བྱས་ཏེ། སྐྱེ་ཁམས་ཕན་འབྲས་དང་དཔལ་འབྱོར་ཕན་འབྲས། སྤྱི་ཚོགས་ཕན་འབྲས་བཅས་སྐྱེ་ལྡན་གཅིག་གྱུར་ལ་སྐུལ་འདེད་གཏོང་དགོས། བྱང་གསུམ་བཟོ་སྐྲུན་འགག་སྒྲོལ་དམག་འཐབ་སྟོབས་ཤུགས་ཡོད་རྒུས་ལེགས་པར་རྒྱག་པ་དང་། རང་ཞིང་གི་བྱང་གསུམ་ས་ཁུལ་དེ་རྒྱལ་ཁོངས་ལྗང་སྒྱུར་གྱི་གཡུལ་ས་གཙོ་བོར་འཛིན་པ། ལས་གཞི་འཛུགས་སྐྲུན་དང་མཉམ་འགོག་མཉམ་བཅོས། ལག་རྩལ་འདེགས་སྐྱོར་བཅས་ལ་དམིགས་ནས་ལེགས་པར་འཛིན་པ། ཁུལ་བགོས་ཇུས་བསྟར་དང་གནད་སྨིན་ཇུས་བསྟར་བྱས་ཏེ། ཐོད་བརྒལ་རང་བཞིན་གྱི་འཕེལ་འགྲོས་དང་ངོ་བོ་རང་བཞིན་གྱི་ཕན་འབྲས་ལེན་པར་ཁག་ཐེག་བྱེད་དགོས། གནད་དོན་བཅོས་སྐྱོང་རྩ་གཏོར་དམག་འཐབ་སྟོབས་ཤུགས་ཡོད་རྒུས་རྒྱག་པ་དང་། རྩྭ་ཕྱུགས་དོ་མཉམ་དོ་དམ་དང་རྩྭ་ཐང་སྐྱེ་ཁམས་སླར་གསོ། ལས་གཞི་ལྟ་སྐུལ་དོ་དམ་བཅས་འབུར་དུ་དོད་ནས་ལེགས་པར་བཟུང་སྟེ། གནད་དོན་བཅོས་སྐྱོང་ལ་འགུལ་སྐྱོད་དང་ཕན་འབྲས་མཐོང་བར་སྟོབས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས། འདེགས་སྐྱོར་འགན་ལེན་མཉམ་འབྲེལ་དམག་འཐབ་སྟོབས་ཤུགས་ཡོད་རྒུས་ལེགས་པར་རྒྱག་པ་དང་། འགན་འཁྲི་དངོས་འབེབས་དང་མ་དངུལ་འགན་ལེན། སྤྱི་ཚོགས་མཉམ་བཅོས་བཅས་ཇེ་དྲག་ཏུ་བཏང་ནས། རབ་མཛེས་མཚོ་སྔོན་འཛུགས་སྐྲུན་དང་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ལ་སྐུལ་འདེད་གཏོང་བའི་དེང་རབས་ཅན་ལ་ལྗང་སྣོན་རྒྱན་རྩེག་དང་སྟོབས་ཤུགས་འབུལ་དགོས་ཞེས་བསྟན།  

ཚོགས་ཐོག་ནས། ཧྲིན་ཀྲང་གཞོན་པ་ལིའུ་ཐའོ་ཡིས2023ལོའི་ཞིང་ཆེན་ཡོངས་ཀྱི་རྒྱལ་ཁོངས་ལྗང་སྒྱུར་གནས་ཚུལ་དང2023ལོའི་ལོ་འཁོར་གྱི་ཟི་ལིང་ལྷོ་བྱང་རི་བོའི་ལྗང་སྒྱུར་ལས་དོན་དམིགས་འབེན་དཔྱད་ཞིབ་གྲུབ་འབྲས་བརྡ་ཁྱབ་བཏང་། ཞིང་ཆེན་ནགས་ལས་རྩྭ་ཐང་ཅུའུ་ཡི་འགན་འཁུར་བློ་མཐུན་གཙོ་བོས2024ལོའི་ཞིང་ཆེན་ཡོངས་ཀྱི་རྒྱལ་ཁོངས་ལྗང་སྒྱུར་དང་བྱང་གསུམ་བཟོ་སྐྲུན་འཛུགས་སྐྲུན། བྱེ་འགོག་བྱེ་བཅོས་གཙོ་གནད་ལས་དོན་ལས་འགན་བཅས་གསལ་བཤད་བྱས་པར་མ་ཟད། 2023ལོའི་ལོ་འཁོར་གྱི་ནགས་དཔོན་ལམ་ལུགས་ལྟ་ཞིབ་དཔྱད་ཞིབ་གྲུབ་འབྲས་བརྡ་ཁྱབ་བཏང་། མཚོ་ནུབ་ཁུལ་དང་ཡུས་ཧྲུའུ་ཁུལ་སྲིད་གཞུང་གི་འགན་འཁུར་བློ་མཐུན་གཙོ་བོས་བརྗེ་རེས་གཏན་བཤད་སྤེལ།

ཞིང་ཆེན་མགོ་ཁྲིད་ལིའུ་མའེ་ཕིན་དང་ལིའུ་ཐུང་ཏེ། ལི་ཞའོ་ནན། དབྱང་ཁུ་ཞང་བཅས་ཚོགས་འདུར་ཞུགས། ། 

 
རྩོམ་སྒྲིག་པ། : གསང་བདག་རྒྱལ།