ཀྲུང་གོ་བོད་ཀྱི་དྲ་བ།

དར་ལག་རྫོང་གིས“རྒྱུན་འཁྱོངས”ལྔ་ལ་བརྟེན་ནས་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་དམ་འཛིན་ནན་མོ་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རྡོ་རྗེ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2024-04-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱིས“སློབ་སྦྱོང་གཅིག་དང་སྐུལ་འདེད་གསུམ”གྱི་བྱེད་སྒོ་ཚ་ཚ་འུར་འུར་ངང་སྤེལ་བའི་སྐབས་སུ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དར་ལག་རྫོང་གིས་དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”དཔྱད་གཞིར་བཟུང་ཞིིང་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་གྱི་བླང་བྱར་དམིགས་ཏེ། བརྟན་བརླིང་སྲུང་སྐྱོང་གི་ལས་དོན་བྱེད་ཐབས་གསར་གཏོད་བྱས་པ་དང“རྒྱུན་འཁྱོངས”ལྔ་ལ་བརྟེན་ནས་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་དམ་འཛིན་ནན་མོ་བྱས་ཏེ་སྤྱི་ཚོགས་ཞི་མཐུན་བརྟན་བརླིང་ལ་སྐུལ་འདེད་བཏང་ནས་འབྲོག་པ་མང་ཚོགས་ཀྱི་བདེ་སྣང་རྒྱུན་ཆད་མེད་པར་ཆེ་རུ་བཏང་།  

ཁྲིམས་སྐྱོང་དྲིལ་བསྒྲགས་དང་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་རྒྱུན་འཁྱོངས་བྱས་པ།   ཁྲིམས་སྐྱོང་སྒྲོག་འགྲེལ་ཚོགས་པ་མང་པོ་རྩ་འཛུགས་བྱས་ནས“ཤང་གྲོང་དང་སློབ་ར། ཁྱིམ་ཚང་བཅས་སུ་བསྐྱོད”དེ་འཚོ་བའི་ཁྲོད་ཀྱི་དཔེ་མཚོན་གྱོད་དཔེ་དང་ཟུང་འབྲེལ་བྱས་ནས་ཡིག་ཆའི་དགོངས་དོན་དང་སྲིད་ཇུས་སོ་སོ་འབྲོག་པ་མང་ཚོགས་ཀྱི་སེམས་སུ་བཞག་སྟེ།  མང་ཚོགས་ཀྱི་ཁྲིམས་སྐྱོང་འདུ་ཤེས་སྔར་བས་ཆེ་རུ་བཏང་།   མིག་སྔའི་བར་ཁྱོན་སྡོམ་བཅའ་ཁྲིམས་ཁྱབ་གདལ་དྲིལ་སྒྲོག་བྱེད་སྒོ་ཐེངས72སྤེལ་བ་དང་དེའི་ནང་ཞུགས་མཁན་གྱི་མི་ཐེངས་ཁྲི1.3ལྷག་ཟིན།   

རྩོད་གཞི་ཞིབ་བཤེར་དང་ཐག་གཅོད་ལ་དམ་འཛིན་ནན་མོ་བྱ་རྒྱུར་རྒྱུན་འཁྱོངས་བྱས་པ།   “རྫོང་དང་ཤང་། སྡེ་བ(སྡེ་ཁུལ) དྲ་མིག”བཅས་རིམ་པ་བཞིའི་འདུམ་འགྲིག་དྲ་རྒྱ་བཙུགས་ནས་གཞི་རིམ་གྱི་འདུམ་འགྲིག་སྟོབས་ཤུགས་སྔར་བས་ཇེ་བརྟན་ཏུ་བཏང་། འདུམ་འགྲིག་ལེགས་འགྲུབ་བྱུང་བའི་འགལ་བ་དང་རྩོད་གཞི་ལ་དུས་ལྟར་ཡང་བསྐྱར་འཚམས་འདྲི་བྱས་ཏེ་མང་ཚོགས་ཀྱིས“རྩོད་གཞི་ཡོད་ན་འདུམ་འགྲིག་འཚོལ་བའི”ཁྲིམས་སྐྱོང་རིག་ལམ་ཞིག་ཆགས་པར་སྐུལ་འདེད་ནུས་ལྡན་བཏང་།   མིག་སྔའི་བར་ཁྱོན་སྡོམ་འགལ་བ་དང་རྩོད་གཞི་སྣ་ཚོགས45ཞིབ་བཤེར་བྱས་པ་དང་། རྩོད་གཞི45བདེ་བླག་ངང་འདུམ་འགྲིག་བྱས།  འདུམ་འགྲིག་ལེགས་འགྲུབ་བྱུང་ཚད་100%རེད།

སྤྱི་ཚོགས་ཡོངས་ལ་དོ་དམ་ཚོད་འཛིན་ཡག་པོ་བྱ་རྒྱུར་རྒྱུན་འཁྱོངས་བྱས་པ།   སྤྱི་ཚོགས་བདེ་འཇགས་དང་བཅོས་སྐྱོང་། སྔོན་འགོག་ཚོད་འཛིན། གླེང་ཕྱོགས་ལ་ལྟ་ཞིབ་ཚད་ལེན་དང་དོ་དམ་ཚོད་འཛིན་བྱ་རྒྱུར་རྒྱུན་མཐུད་ངང་ཤུགས་བསྣན།  མིག་སྔའི་བར་འགྲིམ་འགྲུལ་ཁྲིམས་འགལ་བྱ་སྤྱོད་བསྡོམས་པས240ལ་ཞིབ་བཤེར་ཐག་གཅོད་བྱས་པ་དང་། ལས་རིགས་ཀྱི་གནས་ཡུལ188ལ་ཞིབ་བཤེར་བྱས་པས་བདེ་འཇགས་ཐད་ཀྱི་མངོན་མེད་རྐྱེན་ངན6ཤེས་རྟོགས་བྱུང་སྟེ་གནས་ཡུལ6ལ་དུས་ཐོག་ཏུ་དག་ཐེར་ལེགས་བཅོས་བྱས།   འཕྲལ་སྡོམ་སྔོན་ཇུས་སྣ་ཚོགས45འཐུས་ཚང་དུ་བཏང་པ་དང་འཕྲལ་སྡོམ་ནང་སྦྱོང་ཐེངས2སྤེལ།  

མཐའ་མཚམས་ཀྱི་མཉམ་འབྲེལ་འགོག་སྲུང་མཐུན་སྦྱོར་གཏིང་ཟབ་ཏུ་གཏོང་བར་རྒྱུན་འཁྱོངས་བྱས་པ།  མཐའ་མཚམས་ས་ཁུལ་གྱི་མཉམ་འབྲེལ་འགོག་སྲུང་དང་ཚོད་འཛིན་མཐུན་སྦྱོར་ལས་དོན་ལམ་སྲོལ་ལ་རྒྱུན་མཐུད་ངང་ཤུགས་བསྣན་ཏེ།  སི་ཁྲོན་ཞིང་ཆེན་དཀར་མཛེས་རྫོང་དང་རྔ་བ་རྫོང་། གསེར་རྟ་རྫོང་།  སེར་ཤུལ་རྫོང་། སྡེ་དགེ་རྫོང་། དེ་མིན་ཁུལ་ནང་ཁུལ་དང་ཉེ་བའི་མཐའ་སྐོར་གྱི་ཁྱིམ་མཚེས་རྫོང་དང་ལོ་མང་པོའི་རིང་བསྟུད་མར་མཉམ་ལས་བྱེད་པའི་གཞོགས་འདེགས་ལ་ཤུགས་བསྣན་ནས《མཐའ་མཚམས་མཉམ་འབྲེལ་འགོག་སྲུང་གི་གྲོས་མཐུན་ཡི་གེ》བཞག་སྟེ། ཉེན་རྟོག་ལས་དོན་གྱི་གྲོས་མཐུན་ལམ་སྲོལ་བཙུགས་པ་དང་། མཐའ་མཚམས་ས་ཁུལ་གྱི་འཆམ་མཐུན་བརྟན་བརླིང་ལ་སྲུང་སྐྱོང་ནུས་ལྡན་བྱས། ། 

 
རྩོམ་སྒྲིག་པ། : རྡོ་རྗེ་སྐྱིད།