ཀྲུང་གོ་བོད་ཀྱི་དྲ་བ།

ཝུའུ་ཞའོ་ཅུན་གྱིས་མཚོ་སྔོན་པོ་སྐྱེ་ཁམས་སྲུང་སྐྱོང་དང་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ཡུལ་གནས་མཚོ་སྔོན་པོ་དཔེ་སྟོན་ཁུལ་གསར་སྐྲུན་ལས་དོན་ལ་རྟོག་ཞིབ་ལྟ་ཁྲིད་གནང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2024-04-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཝུའུ་ཞའོ་ཅུན་གྱིས་མཚོ་སྔོན་པོ་སྐྱེ་ཁམས་སྲུང་སྐྱོང་དང་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ཡུལ་གནས་མཚོ་སྔོན་པོ་དཔེ་སྟོན་ཁུལ་གསར་སྐྲུན་ལས་དོན་ལ་རྟོག་ཞིབ་ལྟ་ཁྲིད་གནང་སྐབས་སྐྱེ་ཁམས་སྲུང་སྐྱོང་དང་ཡུལ་སྐོར་འཕེལ་རྒྱས། དམངས་འཚོ་འགན་སྲུང་བཅས་ཕན་ཚུལ་སྐུལ་རེས་མཉམ་རྒྱལ་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས13ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་མཚོ་ལྷོ་ཁུལ་གུང་ཧོ་རྫོང་དུ་མཚོ་སྔོན་པོ་སྐྱེ་ཁམས་སྲུང་སྐྱོང་དང་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ཡུལ་གནས་མཚོ་སྔོན་པོ་དཔེ་སྟོན་ཁུལ་གསར་སྐྲུན་ལས་དོན་ལ་རྟོག་ཞིབ་ལྟ་ཁྲིད་གནང་སྐབས། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ཟབ་མོ་དང་ལག་བསྟར་མཐའ་འཁྱོལ་བྱེད་པ་དང་། སྐྱེ་ཁམས་སྲུང་སྐྱོང་སྔོན་འགྲོ་རྒྱུན་འཁྱོངས་བྱེད་པ། རྒྱལ་སྤྱིའི་མཚེའུ་བརླན་ས་རྣམ་པའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་དཔེ་རྣམ་ཁུལ་དང་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ཡུལ་གནས་དཔེ་སྟོན་ཁུལ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་རབ་མཛེས་ཀྲུང་གོའི་དཔེ་མཚོན་ཁུལ་བཅས་སྔར་ལས་ཆུ་ཚད་མཐོན་པོས་བསྐྲུན་ཏེ། སྐྱེ་ཁམས་སྲུང་སྐྱོང་དང་ཡུལ་སྐོར་འཕེལ་རྒྱས། དམངས་འཚོ་འགན་སྲུང་བཅས་ཕན་ཚུལ་སྐུལ་རེས་མཉམ་རྒྱལ་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།

རིག་སྨོན་གྲོང་རྡལ་རྒྱ་ཡེ་སྡེ་བ་ནས། ཝུའུ་ཞའོ་ཅུན་དམངས་ཁང་དུ་ཕེབས་པ་དང་། སྡེ་མི་དང་སྙིང་ཉེ་བའི་བཀའ་མོལ་མཛད་ཅིང་། ཡུལ་དངོས་ནས་སྒྲིག་ཆས་ལྷུ་ལག་དང་ཐོན་ལས་ཡོང་འབབ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གནང་། ཁོང་གིས་རོགས་སྐྱོར་ལ་སྣེ་ཁྲིད་པ་དང་དོ་དམ་ཚད་ལྡན་དུ་གཏོང་བ། རྨང་གཞི་སྒྲིག་ཆས་འཐུས་ཚང་བར་བྱེད་པ། སྤྱི་པའི་ཞབས་ཞུ་སྒྲིག་ཆས་འཛུགས་སྐྲུན་བཅས་བརྒྱུད་ནས། སྐྱེ་ཁམས་སྡོད་འཚམ་ལས་འཚམ་གྱི་མཛེས་སྡུག་སྡེ་བ་སྐྲུན་པ་དང་། ཡུལ་སྐོར་པའི་རོལ་མྱོང་དང་ཟབ་ཞུགས་བྱེད་ཚད་མཐོར་འདེགས་པ། ཡུལ་སྐོར་པ་སྔར་ལས་མང་པོ་སྡེར་སྐྱོད་ཁྱིམ་ཞུགས་བྱེད་པར་འགུག་པ། ཐུན་མོང་དཔལ་འབྱོར་སྟོབས་ཆེར་བསྒྲུབས་ཏེ། སྡེ་དམངས་ཀྱི་ཡོང་སྒོ་མུ་མཐུད་དུ་ཇེ་མང་དུ་གཏོང་དགོས་ཞེས་བསྟན། ཡུལ་སྐོར་པའི་ཞབས་ཞུ་ཁུལ་དང་གླང་ཆེན་སྣའི་མཛེས་ལྗོངས་ཁུལ། རྟ་ནག་མ་གྲོང་རྡལ་པཎ་ཆེན་ལབ་ཙེ་ལྟ་སྐོར་གནས་བཅས་སུ་ཕེབས་པ་དང་། ཝུའུ་ཞའོ་ཅུན་གྱིས་ཡུལ་སྐོར་གཞུང་ལམ་འཛུགས་སྐྲུན་དང་ཞབས་ཞུ་སྒྲིག་ཆས་སྤུས་འདེགས་རིམ་སྤོར་སྒྱུར་བཀོད། ལྗོངས་ཁུལ་གཉེར་སྐྱོང་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་གནང་ནས། ལྗོངས་ཁུལ་གྱི་འགྲིམ་འགྲུལ་མཐོར་འདེགས་པ་དང་ལྗོངས་ཁུལ་རིག་ཤེས་ཅན་དུ་གཏོང་བ། ཞབས་ཞུ་མ་ལག་འཛུགས་སྐྲུན་བཅས་ཇེ་མགྱོགས་སུ་གཏོང་བ་དང་། ཡུལ་སྐོར་ལས་རྣམ་རིམ་སྤོར་ལ་སྐུལ་འདེད་གཏོང་བ། ཡུལ་སྐོར་པའི་འགྲོ་འཆག་ཉལ་འདུག་དང་ལྟ་སྐོར། ཉོ་ཚོང་། རོལ་རྩེད་བཅས་ཀྱི་དགོས་མཁོ་སྔར་ལས་ལྷག་པར་སྐོང་དགོས། ཞིང་འབྲེལ་ཞིང་ཁྲིད་ལམ་སྲོལ་སྔར་ལས་ལྷག་པར་འཐུས་ཚང་དུ་བཏང་སྟེ། ཉེ་འགྲམ་མང་ཚོགས་མུ་མཐུད་དུ་འབབ་འཕར་ཡོང་བར་སྐུལ་ཁྲིད་བྱེད་དགོས། རིག་སྨོན་གྲོང་རྡལ་ཨར་ཧའེ་རུ། ཝུའུ་ཞའོ་ཅུན་གྱིས་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་སྲུང་ལྟ་ཞིབ་ཀྱིས་ཕྱིར་ལྡོག་བྱས་པའི་རིག་སྨོན་ཆུ་བོ་ཆུ་སྤུས་གནད་དོན་བཅོས་སྐྱོང་དངོས་འབེབས་གནས་ཚུལ་ལ་རྟོག་ཞིབ་ལྟ་ཁྲིད་གནང་བ་དང་། ཡུལ་བསྟུན་ཇུས་བསྟར་སྒོས་ཆུ་སྤུས་ཚད་བརྒལ་གནད་དོན་བཅོས་སྐྱོང་ཇུས་གཞི་གཏན་འབེབས་བཟོ་བ་དང་། སྦགས་བཙོག་འབྱུང་ཁུངས་རིགས་སྣ་ཚོགས་དོ་སྡོམ་དང་སྐྱེ་ཁམས་རྒྱུད་ཁོངས་ལྟ་འཇལ་ལྟ་སྡོམ་ལ་ཤུགས་སྣོན་པ། དུས་ལྟར་སྤུས་ཚད་མཐོན་པོས་བཅོས་སྐྱོང་ལས་འགན་ལེགས་སྒྲུབ་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོང་གི་འགན་འཁྲི་ཆེན་མོ་མཐའ་གཅིག་ཏུ་ཕྲག་ཏུ་ལེན་དགོས་པའི་བླང་བྱ་བཏོན།

དེའི་རྗེས་སུ་འཚོགས་པའི་ཆེད་དོན་ཚོགས་འདུའི་ཐོག ཝུའུ་ཞའོ་ཅུན་གྱིས་མཚོ་ལྷོ་ཁུལ་དང་མཚོ་བྱང་ཁུལ། ཞིང་ཆེན་ཐད་གཏོགས་སྡེ་ཁག་གི་ལས་དོན་སྙན་ཞུར་གསན་རྗེས། གོ་རིམ་རྗེས་པའི་གཙོ་གནད་ལས་དོན་བཀོད་སྒྲིག་གནང་། ཁོང་གིས་རྩེ་རིམ་ཇུས་འགོད་དང་འཆར་འགོད་བཀོད་སྒྲིག་ལ་ཤུགས་སྣོན་པ་དང་། མགོ་རྔ་ཚང་བའི་སྲིད་ཇུས་འཆར་འགོད་མྱུར་ཏུ་འཐུས་ཚང་དུ་བཏང་ནས། སྤྱི་ཁོག་འཆར་འགོད་དང་ཕན་ཚུན་སྦྲེལ་བ། རྒྱུད་ཁོངས་སྐུལ་འདེད་བཅས་སྒྲུབ་ཐུབ་པར་བྱེད་དགོས། སྐྱེ་ཁམས་སྲུང་སྐྱོང་དང་རྒྱུད་ཁོངས་བཅོས་སྐྱོང་ལ་མུ་མཐུད་དུ་སྐུལ་འདེད་གཏོང་བ་དང་། མཚོ་སྔོན་པོའི་འགྲམ་རྒྱུད་སྐྱེ་ཁམས་ཁོར་ཡུག་ཉེན་ཁའི་རྐྱེན་ངན་བཅོས་སྐྱོང་ཟབ་མོར་སྤེལ་བ། ལྟ་འཇལ་ལྟ་སྡོམ་མ་ལག་སྔར་ལས་འཐུས་ཚང་བཙུགས་ནས། ཆུ་སྔོ་གྲ་སྤུ་ཕྱོགས་བསྡུས་འགོག་བཅོས་སྤུས་ཕྱོད་མཐོར་འདེགས་པར་དམིགས་དགོས། ཡུལ་སྐོར་རྨང་གཞི་སྒྲིག་ཆས་སྤུས་འདེགས་རིམ་སྤོར་བྱས་ཏེ། འགྲིམ་འགྲུལ་ཡུལ་སྐོར་དང་སྡོད་ཁང་ཟ་འཐུང་། ཉོ་ཚོང་རོལ་རྩེད། སྨན་བཅོས་བདེ་ཐང་སོགས་ཀྱི་སྒྲིག་ཆས་དང་ཞབས་ཞུའི་ཆ་རྐྱེན་མྱུར་ཏུ་འཐུས་ཚང་དུ་གཏོང་དགོས། ཡུལ་སྐོར་ཞབས་ཞུའི་སྤུས་ཚད་མཐོར་འདེགས་པར་ཤུགས་སྣོན་པ་དང་། ཡུལ་སྐོར་ཆ་རྐྱེན་ཞབས་ཞུ་མ་ལག་འཐུས་ཚང་དུ་གཏོང་བ། ཡུལ་སྐོར་ལས་གཉེར་མི་སྣ་གསོ་སྐྱོང་དོ་དམ་ལ་ཤུགས་སྣོན་པ། ཡུལ་སྐོར་ཁྲོམ་ར་ལྟ་སྡོམ་ཇེ་དྲག་ཏུ་གཏོང་བ། ཡུལ་སྐོར་ཟིང་ལོང་མཐའ་གཅིག་ཏུ་འགོག་ཟོན་བྱས་ཏེ། ཡུལ་སྐོར་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་དགོས། མཉམ་སྐྲུན་མཉམ་བཅོས་མཉམ་སྤྱོད་ལ་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་སྲིད་ཇུས་ཀྱི་གོ་སྐབས་བརྩོན་ལེན་བྱེད་པ། མིག་སྔར་དང་ཡུན་རིང་། འཕེལ་རྒྱས་དང་བདེ་འཇགས། སྤུས་ཚད་དང་ཕན་འབྲས་བཅས་ལ་སྤྱི་འདོམས་བྱེད་པ། འགན་འཁྲི་དངོས་འབེབས་ཇེ་དྲག་ཏུ་གཏོང་བ། ཁེ་ལས་དང་མང་ཚོགས་ཀྱི་ཧུར་བརྩོན་རང་བཞིན་ཕུན་སུམ་ཚོགས་པར་བསླངས་ནས། བྱ་བའི་འདུས་ཤུགས་ཆགས་པར་བྱེད་དགོས། ཡུལ་སྐོར་པ་སྣེ་ལེན་བྲེལ་འཚུལ་ཆེ་བའི་གྲ་སྒྲིག་ལས་དོན་སྟོབས་ཤུགས་ཡོད་རྒུས་ལེགས་པར་སྒྲུབ་པ་དང་། བདེ་འཇགས་དང་གོ་རིམ། སྤུས་ཚད། ཕན་འབྲས་བཅས་གཅིག་གྱུར་སྒྲུབ་ཐུབ་པར་བྱེད་པ། སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་ཀྱི་གསོན་ཤུགས་སྔར་ལས་སྟོབས་ཆེན་པོས་བསླངས་ཏེ། རབ་མཛེས་མཚོ་སྔོན་གྱི་སྣང་བརྙན་སྔར་ལས་ལེགས་པར་ངོམ་དགོས་ཞེས་ནན་གྱིས་བསྟན།

ལུའི་ཀང་དང་ལིའུ་ཐའོ། ཧོ་ལུའུ་ཁྲུང་བཅས་རྟོག་ཞིབ་ལ་ཞུགས། ། 

 
རྩོམ་སྒྲིག་པ། : གསང་བདག་རྒྱལ།