ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་ལྗང་མདོག་རྩིས་ཤུགས་ཐོན་ལས་ཆེད་མཁས་བློ་འདྲི་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དང་པོ་འཚོགས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2024-03-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས28ཉིན། མཚོ་སྔོན་ཞིང་ཆེན་ལྗང་མདོག་རྩིས་ཤུགས་ཐོན་ལས་ཆེད་མཁས་བློ་འདྲི་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དང་པོ་པེ་ཅིན་དུ་འཚོགས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཁྲེན་ཀང་གིས་ཆེད་མཁས་བློ་འདྲི་ཨུ་ཡོན་ལྷན་ཁང་གི་ཁོངས་མིར་གདན་འདྲེན་ཞུ་ཡིག་བསྩལ་པར་མ་ཟད་གསུང་བཤད་གནང་།

ཚོགས་ཐོག་ནས། ཀྲུང་གོའི་བཟོ་སྐྲུན་གླིང་གི་ཡོན་ཧྲི་དང་མ་འོངས་སྤོ་སྒུལ་འཕྲིན་གཏོང་གླེང་སྟེགས་ལས་གཉེར་པ་ཝུའུ་ཧུ་ཆོན་དང་། རྒྱལ་ཁབ་ཆ་འཕྲིན་ལྟེ་གནས་ཀྱི་ཞིབ་འཇུག་པ་ལི་ཞིན་ཡོའུ། ཀྲུང་གོའི་ཚན་རིག་གླིང་རྩིས་རྒྱག་ལག་རྩལ་ཞིབ་འཇུག་སའོ་ཡི་ཞིབ་འཇུག་པ་ཀྲང་ཡུན་ཆོན་སོགས་ཆེད་མཁས་བློ་འདྲི་ཨུ་ཡོན་ལྷན་ཁང་གི་འཐུས་མི་དང་། ཆེད་མཁས་ཚན་ཆུང་གི་ཚན་གཙོའམ་མཚོ་སྔོན་སློབ་ཆེན་གྱི་སློབ་གཙོ་ཧྲི་ཡོན་ཁྲུན་བཅས་ཀྱིས་སོ་སོ་ནས་གཏམ་བཤད། ཚང་མས་རང་ཉིད་ཀྱི་ཞིབ་འཇུག་ཁྱབ་ཁོངས་ལ་དམིགས་པ་དང་། མཚོ་སྔོན་གྱི་ལྗང་མདོག་རྩིས་ཤུགས་ཐོན་ལས་འཕེལ་རྒྱས་གནས་བབ་དང་གོ་སྐབས། མདུན་ལྗོངས་བཅས་ལ་དམ་དུ་སྦྲེལ་ནས། རང་ཞིང་གིས་མཐོ་སྒང་གི་ཐོན་ཁུངས་ནུས་ཁུངས་དགེ་མཚན་ལ་བརྟེན་ནས་ནུས་ཁུངས་གཙང་མ་ལྗང་མདོག་རྩིས་ཤུགས་ལ་སྒྱུར་བར་སྐུལ་འདེད་གཏོང་བའི་ཇུས་ཆོད་བཀོད་སྒྲིག་ལ་གདེང་འཇོག་ཕུན་སུམ་ཚོགས་པ་བྱས་པར་མ་ཟད། སྔོན་ཐོན་རང་བཞིན་དང་མཛུབ་སྟོན་རང་བཞིན། ལག་ལེན་རང་བཞིན་བཅས་ཀྱིས་ཕྱུག་པའི་བསམ་འཆར་གྲོས་གཞི་བཏོན།

ཁྲེན་ཀང་གིས་ནན་ཏན་གྱིས་གསན་པ་དང་ཟིན་ཐོར་ཞིབ་མོར་བཀོད་པར་མ་ཟད། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་མཛད་ནས་གདན་ཞུ་ཐོབ་པའི་ཡོན་ཧྲི་དང་ཆེད་མཁས་པར་བཀའ་དྲིན་ཞུས། ཁོང་གིས་མཚོ་སྔོན་ནི་གཙང་གསུམ་གྱི་འབྱུང་ཡུལ་དང“ཀྲུང་ཧྭའི་ཆུ་མཛོད”ཡིན་པས། སྐྱེ་ཁམས་གོ་གནས་གལ་ཆེ་ལ་དམིགས་བསལ་ཡིན་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་སྐྲུན་པ་དང་ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་བྱེད་པ་ནི། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་བསྩལ་པའི་ཆབ་སྲིད་འགན་འཁྲི་གལ་ཆེན་ཡིན་ལ། མཚོ་སྔོན་གྱིས་སྐྱེ་ཁམས་སྔོན་འགྲོ་དང་ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་པའི་ལག་ལེན་གྱི་བརྒྱུད་ལམ་ཡང་ཡིན། མིག་སྔར། མཚོ་སྔོན་ནི་ལོ་རྒྱུས་ཀྱི་ཆེས་ལེགས་པའི་འཕེལ་རྒྱས་དུས་སྐབས་སུ་གནས་ཡོད་ལ། ནུས་ཁུངས་གཙང་མ་དང་ལྗང་མདོག་རྩིས་ཤུགས་ལའང་གསེར་ལྡན་སྒེའུ་ཁུང་དུས་སྐབས་ཀྱང་བསུས་འོངས་པས། ལྗང་མདོག་རྩིས་ཤུགས་སྣེ་ཁྲིད་ཡིན་པའི་སྤུས་ཚད་གསར་པའི་ཐོན་སྐྱེད་ནུས་པ་མྱུར་ཏུ་འཕེལ་རྒྱས་གཏོང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་ལས་དོན་ཐད་ཀྱི་བླང་བྱ་གལ་ཆེན་དང་མཐུན་པ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་དང་མཐུན་ལ། མཚོ་སྔོན་གྱིས་ཆུ་ཚད་མཐོ་བའི་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བའི་དངོས་ཡོད་དགོས་མཁོ་དང་ཡང་མཐུན། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས“གང་ལས་རུང་བ་དང་གང་ལས་མི་རུང་བའི”རིག་པ་གསལ་པོ་དང“ལམ་མ་ནོར་ན་ལམ་ཐག་རིང་བར་མི་སྐྲག་པའི”བློ་བརྟན་པོ་ལ་བརྟེན་ནས། ལྗང་མདོག་རྩིས་ཤུགས་དེ་འཐབ་ཇུས་བྱེད་ཐབས་གལ་ཆེན་དུ་བརྩིས་ནས་མུ་མཐུད་དུ་འཛིན་རྒྱུ་ཡིན། འབྲེལ་ཡོད་སྡེ་ཁག་དང་ས་གནས་སོ་སོས་ཞབས་ཞུའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། སྤྱང་གྲུང་ཕན་ཆེ་སྒོས་འགན་ལེན་ལེགས་པར་བསྒྲུབས་ནས། ཡོན་ཧྲི་དང་ཆེད་མཁས་པས་བརྟག་དཔྱད་ཞིབ་འཇུག་དང་གྲུབ་འབྲས་ཆགས་པ། གྲོས་འདོན་ཇུས་འབུལ་སོགས་ལ་སྟབས་བདེ་ཆ་རྐྱེན་དང་ཁོར་ཡུག་ལེགས་པོ་སྐྲུན་དགོས་ཞེས་གསུངས།

ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཧྲིན་ཀྲང་གཞོན་པ་ཝང་ལིན་ཧུའུ་ཡིས་ཚོགས་འདུར་མགོ་འཛིན་བྱས་པར་མ་ཟད། 《མཚོ་སྔོན་ཞིང་ཆེན་ལྗང་མདོག་རྩིས་ཤུགས་ཐོན་ལས་ཆེན་མཁས་བློ་འདྲི་ཨུ་ཡོན་ལྷན་ཁང་འཛུགས་པའི་སྐོར་གྱི་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན་གྱི་བརྡ་སྦྱོར》སྒྲོག་འདོན་བྱས། ཞིང་ཆེན་ཏང་ཨུ་རྒྱུན་ཨུའམ་དྲུང་ཡིག་ཆེན་མོ་ཀྲུའུ་ཞང་ཧྥེང་ཚོགས་འདུར་ཞུགས། །

 
རྩོམ་སྒྲིག་པ། : གསང་བདག་རྒྱལ།