ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་ཆེད་དོན་བཞུགས་མོལ་ཚོགས་འདུ་བསྡུས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2024-03-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས28ཉིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་འབྲོག་ཁུལ་གྱི་དྲེད་མོང་གི་བརྟག་བཤེར་ཚད་ལེན་ཞིབ་འཇུག་ལ་ཤུགས་བསྣན་ནས། འབྲོག་པའི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་ལ་འགན་སྲུང་བྱེད་པའི་ཆེད་དོན་བཞུགས་མོལ་ཚོགས་འདུ་བསྡུས་པ་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཚོགས་འདུར་ཞུགས་པ་མ་ཟད་གཏམ་བཤད། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཀྲིན་ཁྲང་ཚོགས་འདུར་ཞུགས་པ་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལི་ཞའོ་ནན་གྱིས་མགོ་འཛིན་བྱས། ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་དང་། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ། དགུ་གསུམ་སློབ་ཚོགས་མཚོ་སྔོན་ཞིང་ཆེན་ཨུ་ལྷན་དང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་སྲིད་གྲོས་ཀྱི་འགན་ཁུར་བློ་མཐུན་བཅས་ཚོགས་འདུར་ཞུགས།

ཚོགས་འདུའི་སྟེང་། དགུ་གསུམ་སློབ་ཚོགས་ཞིང་ཆེན་ཨུ་ལྷན་དང་མཚོ་ལྷོ་ཁུལ་སྲིད་གྲོས་ཀྱིས་འབྲེལ་ཡོད་བརྟག་བཤེར་གནས་ཚུལ་མཚམས་སྦྱོར་བྱས། ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་དང་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ཡིས་གཏམ་བཤད་སྤེལ། ཚང་མས་བྱ་བའི་འགན་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། དམངས་འཚོའི་དོན་དངོས་ལ་ཐུགས་ཁུར་བྱེད་པ་དེ་བྱ་བ་དང་འགན་སྒྲུབ་ཀྱི་ནང་དོན་གལ་ཆེན་དུ་བརྩིས་ནས། ཐུན་མོང་ཐོག་མཚོ་སྔོན་འབྲོག་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་དང་འཚོ་སྡོད་ཁོར་ཡུག་དོ་མཉམ་ལ་སྲུང་སྐྱོང་བྱེད་པར་བློ་རིག་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་པར་བསྟན།

མགོན་པོ་བཀྲ་ཤིས་ཡིས་བསྟན་དོན། མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་གང་ལེགས་བྱེད་པ་ནི་རྒྱལ་དོན་ཆེན་མོ་ཡིན། ན་ནིང་། དགུ་གསུམ་སློབ་ཚོགས་མཚོ་སྔོན་ཨུ་ལྷན་དང་མཚོ་ལྷོ་ཁུལ་སྲིད་གྲོས་ཀྱིས་འབྲོག་ཁུལ་གྱི་དྲེད་མོང་བརྟག་བཤེར་ཚད་ལེན་ཞིབ་འཇུག་ལ་ཤུགས་བསྣན་ཏེ། འབྲོག་པའི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་སྲུང་བྱེད་པའི་སྤྱི་ཚོགས་གནས་ཚུལ་དང་དམངས་ཀྱི་འདོད་བློ་བཏོན་པར་ཞིང་ཆེན་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་གནང་ལ། དེས་དམངས་གཙོའི་ཏང་ཁག་དང་གཞི་རིམ་སྲིད་གྲོས་ཀྱིས་ཞིང་ཆེན་གྱི་གཙོ་གནད་ལས་དོན་ལ་དམ་འཛིན་བྱས་ཏེ་ཇུས་འདོན་གཏམ་གླེང་གི་འགན་འཁྲི་ཁག་ཁུར་དང་དམངས་ཀྱི་ཆེད་དུ་གྲོས་མོལ་བྱེད་པའི་འགན་སྒྲུབ་སེམས་པ་མངོན་པར་མཚོན་ཡོད། ཐེངས་འདིའི་བཞུགས་མོལ་ཚོགས་འདུ་འཚོགས་པའི་དམིགས་ཡུལ་ནི་དྲེད་མོང་སྲུང་སྐྱོབ་དང་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་ལ་འགན་སྲུང་བྱེད་པའི་གྲོས་གཞིར་གཞིགས་ནས་གྲོས་མོལ་བརྗེ་རེས་གཏིང་ཟབ་བྱེད་པ་དང་། གྲོས་མོལ་བརྒྱུད་ཐུན་མོང་གི་ངོས་འཛིན་ཆགས་པར་བྱས་ནས་སྔར་ལས་གནད་ཁེལ་ནུས་ལྡན་གྱི་ཇུས་གཞི་བསམ་འཆར་བཏོན་ཏེ་ཏང་ཨུ་སྲིད་གཞུང་གི་ཇུས་ཆོད་ལ་དཔྱད་གཞི་འདོན་སྤྲོད་བྱེད་དགོས།

མགོན་པོ་བཀྲ་ཤིས་ཀྱིས་ནན་གྱིས་བསྟན་དོན། མཚོ་སྔོན་ནི་འཛམ་གླིང་སྟེང་སྐྱེ་དངོས་སྣ་མང་རང་བཞིན་ཆེས་ཕུན་སུམ་ཚོགས་པའི་ས་ཁུལ་གྲས་ཤིག་ཡིན་ལ། མཐོ་སྒང་མང་ཚོགས་དང་རི་སྐྱེས་སྲོག་ཆགས་བར་རང་བྱུང་གི་འཆམ་མཐུན་འབྲེལ་བ་ཆགས་ཡོད། ཐོན་ཁུངས་ལེགས་ཆར་རྐང་བཙུགས་ནས་འཚོལ་བཤེར་ཞིབ་འཇུག་ལ་ཤུགས་སྣོན་པ་དང་། ཡང་དག་པའི་སྒོ་ནས་རི་སྐྱེས་དང་དམངས་འཚོ། སྐྱེ་ཁམས་བཅས་གསུམ་གའི་བར་གྱི་འབྲེལ་བ་ཐག་གཅོད་ལེགས་པོ་བྱེད་དགོས་ལ། རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་བྱ་བར་སྔར་ལས་ལྷག་པར་ནུས་ཤུགས་འདོན་པ་དང་ཉམས་མྱོང་སྔར་ལས་མང་པོ་གསོག་དགོས། མི་གཞི་རྩར་འཛིན་པ་རྒྱུན་འཁྱོངས་བྱས་ཏེ་སྔར་ལས་ལྷག་པར་རི་སྐྱེས་སྲོག་ཆགས་ཀྱི་གནོད་སྐྱོན་སོགས་སྐྱེ་ཁམས་སྲུང་སྐྱོང་ཁ་གསབ་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། ལུགས་མཐུན་ངང་ཁ་གསབ་ཚད་གཞི་ཇེ་མཐོར་བཏང་སྟེ། མུ་མཐུད་དུ་འབྲོག་པ་མང་ཚོགས་ཀྱི་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོབ་བྱེད་པའི་ཧུར་བརྩོན་རང་བཞིན་ཇེ་ཆེར་གཏོང་དགོས། མིག་རྒྱ་ཕྱེས་ནས་བསམ་བློར་འགྱུར་ལྡོག་གཏོང་བ་དང་། སློབ་སྦྱོང་ལེགས་པོས་རྒྱལ་ཁབ་ཕྱི་ནང་གི་སྔོན་ཐོན་ཉམས་མྱོང་དཔྱད་གཞིར་འཛིན་པ་དང་། ལམ་ལུགས་མ་ལག་འཐུས་ཚང་དུ་བཏང་སྟེ། མཚོ་བོད་མཐོ་སྒང་དེ་རི་སྐྱེས་སྲོག་ཆགས་ཀྱི་ཞིང་ཁམས་སུ་འགྱུར་བར་བྱེད་དགོས་པ་མ་ཟད། རིགས་སོ་སོའི་མང་ཚོགས་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་མངོན་འགྱུར་བྱེད་པའི་མཛེས་སྡུག་གི་ལྷ་ཡུལ་ལྟ་བུར་འགྱུར་བར་བྱས་ནས། སྤུས་ཚད་མཐོ་བའི་སྒོ་ནས་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ལ་སྐུལ་འདེད་གཏོང་དགོས། །

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།