ཀྲུང་གོ་བོད་ཀྱི་དྲ་བ།

རྨ་ལྷོའི་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ24ལ་རིན་མེད་སྨན་བཅོས་བྱས་པ།

ཡོང་ཁུངས། : མཚོ་སྔོན་ཉིན་རེའི་ཚགས་པར།   རྩོམ་པ་པོ། : ཕག་གྲུ་ཡིས་བསྒྱུར།   སྤེལ་དུས། : 2024-03-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས23ཉིན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ24ལ་རྨ་ལྷོ་ཁུལ་དམངས་སྲིད་ཅུའུ་ཡིས་མཐུན་སྦྱོར་ཞིབ་ཚགས་བྱས་པ་དང་སྲུང་སྐྱེལ་འོག་ཐེན་ཅིན་གྲོང་ཁྱེར་ཐའེ་ཏཱ་རྒྱལ་སྤྱིའི་སྙིང་ཁམས་ཁྲག་རྩའི་ནད་སྨན་ཁང་དུ་བསྐྱོད་ནས་སྨན་རིན་མི་དགོས་པར་སྨན་བཅོས་བྱས། 

ཐེངས་འདིའི་གཤགས་བཅོས་ནི་ཀྲུང་གོ་སྒུལ་བདེ་དགེ་སྒྲུབ་ཐེབས་རྩ་ལྷན་ཚོགས་དང་། མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིང་། མཚོ་སྔོན་ཞིང་ཆེན་དགེ་སྒྲུབ་སྤྱི་ཁྱབ་ལྷན་ཚོགས། ཐེན་ཅིན་ཐའེ་ཏཱ་སྙིང་ཁམས་ཁྲག་རྩའི་ནད་སྨན་ཁང་། ཐེན་ཅིན་གྲོང་ཁྱེར་ཧྲེང་ཡེ་སྤྱི་ཕན་ཐེབས་རྩ་ལྷན་ཚོགས། རྨ་ལྷོ་ཁུལ་དགེ་སྒྲུབ་ལྷན་ཚོགས་བཅས་ཀྱིས་མཉམ་འབྲེལ་ཐོག་སྤེལ་བའི“ཀྲུང་གོ་སྒུལ་བདེའི‘དགའ་ཞེན’འགུལ་སྐྱོད་དེ། མཚོ་སྔོན་གྱི་དཀའ་ངལ་ཡོད་པའི་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པའི་རོགས་སྐྱོབ་འཆར་གཞིའི”རོགས་སྐྱོབ་རྣམ་གྲངས་ཤིག་ཡིན་ཞིང་། དེའི་དམིགས་ཡུལ་ནི་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་དེ་བས་མང་བ་སྡུག་བསྔལ་ལས་ཐར་ནས་སྔ་ཙམ་དྲག་སྐྱེད་ཡོང་རྒྱུར་རོགས་རམ་བྱ་རྒྱུ་དེ་རེད། 

གཤགས་བཅོས་ཀྱི་འགྲོ་གྲོན་ཚང་མ་རྣམ་གྲངས་གཞུང་དོན་ཁང་གིས་བཏང་བ་དང་འབྲེལ་ཞིང་ཆེན་རིམ་པའི་ཧྥུའུ་ཚའེ་སྤྱི་ཕན་མ་དངུལ་གྱིས་བྱིས་པ་རེར་འགྲིམ་འགྲུལ་དང་། བཟའ་སྡོད་བཅས་ཀྱི་ཁ་གསབ་སྒོར2000སྤྲད་པས་བྱིས་པ་ཚོར་སྨན་བཅོས་ཡག་ཤོས་ཐུབ་པ་མ་ཟད། ད་དུང་ཁྱིམ་ཚང་གི་ཁུར་པོ་ཇེ་ཡང་དུ་བཏང་། རྨ་ལྷོ་ཁུལ་དམངས་སྲིད་ཅུའུ་ཡིས་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པའི་གཟུགས་གཞི་བདེ་ཐང་ལ་མུ་མཐུད་དོ་ཁུར་བྱས་ཏེ་ཁོང་ཚོར“དམངས་སེམས་དྲོ་བ་དང་དམངས་ཀྱི་སེམས་ཁྲལ་སེལ་བའི”དགེ་སྒྲུབ་རྣམ་གྲངས་དེ་བས་མང་བ་བརྩོན་ལེན་བྱས་ནས་རྨ་ལྷོའི་དམངས་སྲིད་དགེ་སྒྲུབ་བྱ་གཞག་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏང་རྒྱུ་རེད། །

 
རྩོམ་སྒྲིག་པ། : འཕགས་མོ་དོན་འགྲུབ།