ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པ་དང་ཤེས་ལྡན་མི་སྣའི་འཐུས་ཚབ་པའི་བཞུགས་མོལ་ཚོགས་འདུ་ཟི་ལིང་དུ་བསྡུས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རིག་འཛིན་གྱིས་གྱིས་བསྒྱུར།   སྤེལ་དུས། : 2024-03-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས26ཉིན། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པ་དང་ཤེས་ལྡན་མི་སྣའི་འཐུས་ཚབ་པའི་བཞུགས་མོལ་ཚོགས་འདུ་ཟི་ལིང་དུ་བསྡུས། ཚོགས་ཐོག་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཁ་གཏད་རོགས་སྐྱོར་དང་ཤར་ནུབ་རྒྱུད་མཉམ་ལས་བྱ་བའི་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་བླང་བྱ་གལ་ཆེན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ལ། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པ་དང་ཤེས་ལྡན་མི་སྣའི་བསམ་འཆར་ལ་ཉན་པ་དང་། བློ་མང་ཤུགས་མང་དང་བློ་གྲོས་གཅིག་བསྡུས་བྱས་ཤིང་། མཉམ་དུ་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་བྱ་བ་གདང་འདེགས་རིམ་སྤོར་བྱེད་པར་སྐུལ་འདེད་བཏང་སྟེ། མཚོ་སྔོན་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་རོགས་འདེགས་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཁྲེན་ཀང་གིས་གཏམ་བཤད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་འགོ་འཛིན་བྱས།

བཞུགས་མོལ་ཚོགས་འདུའི་སྟེང་། ཞུས་ཞའོ་པེན་དང་ལིས་ཡུས་ཧའེ། ཕེ་ཀྲི། ཅང་ཞའོ་ཏུང་། ཁྲིན་ཏེན། ཧུའུ་ཧུང་། ལན་ཐུང་། སུང་ཞན་ཅིན། ཀྲུའུ་ཞིན་ཕུའུ། ཁྲིན་ཆིན་ཅུན་སོགས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པ་དང་ཤེས་ལྡན་མི་སྣའི་འཐུས་ཚབ་པས་ཐོན་ལས་དང་སློབ་གསོ། སྨན་བཅོས། ཚན་རྩལ་སོགས་ཁྱབ་ཁོངས་ཀྱི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་གྲུབ་འབྲས་ཇེ་ཆེར་གཏོང་བར་དམིགས་ནས། ཤེས་ལྡན་མི་སྣའི་དོ་དམ་ཞབས་ཞུ་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན། གྲོང་གསེབ་དར་སྤེལ། དག་གཙང་ནུས་ཁུངས་འཕེལ་རྒྱས་སོགས་བྱ་བ་བཟང་བོར་སྒྲུབ་པའི་ཐད་ནས་སྔ་གཞུག་ཏུ་གཏམ་བཤད། ཁྲེན་ཀང་དང་ཝུའུ་ཞའོ་ཅུན་གྱིས་ཉན་ཞོར་དུ་ཟིན་བྲིས་བཏབ་པ་དང་། ཚང་མ་དང་གྲོས་སྡུར་བརྗེ་རེས་བྱས་ལ། ཚོགས་རའི་སྣང་ཚུལ་ཧ་ཅང་བཟང་།

ཁྲེན་ཀང་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས། ཀྲུང་དབྱང་གི་ཁེ་ལས། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཞིང་ཆེན་དང་གྲོང་ཁྱེར་གྱིས་རྒྱབ་སྐྱོར་ཆེན་པོ་བྱས་པར་བཀའ་དྲིན་ཞུས་པ་དང་། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པ་དང་ཤེས་ལྡན་མི་སྣར་དད་གུས་ཞུས། ཁྲེན་ཀང་གིས་བསྟན་དོན། མིག་སྔར། མཚོ་སྔོན་ལོ་རྒྱུས་སྟེང་ཆེས་བཟང་བའི་འཕེལ་རྒྱས་ཀྱི་དུས་སྐབས་སུ་གནས་པ་དང་། དེ་ནི་ཆབ་སྲིད་ཀྱི་དགེ་མཚན་མངོན་པའི་དུས་སྐབས་ཡིན་པས། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་མཐའ་གཅིག་ཏུ་ལག་བསྟར་བྱེད་པ་དང་། ཆེས་ཆེ་བ་གསུམ་གྱི་ཞིང་ཆེན་གྱི་ངེས་གནས་དང་སྔར་ལས་གལ་ཆེ་བ་གསུམ་གྱི་འཐབ་ཇུས་གོ་གནས་ཀྱི་ངོས་འཛིན་ཇེ་ཟབ་ཏུ་གཏོང་བ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ལམ་ལུགས་དགེ་མཚན་འདོན་སྤེལ་གང་ལེགས་བྱེད་པ། ཁ་གཏད་རོགས་སྐྱོར་དང་ཤར་ནུབ་རྒྱུད་མཉམ་ལས་ཀྱི་སྟེགས་བུ་བཀོལ་སྤྱོད་བཟང་བོ་བྱས་ནས། སྟོབས་ཤུགས་ཡོད་རྒུས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་དགོས། དེ་ནི་སྐྱེ་ཁམས་རིན་ཐང་གི་སྔོག་འདོན་དུས་སྐབས་ཡིན་པས། ང་ཚོས་རྒྱལ་དོན་གལ་ཆེན་ཡིད་ལ་དམ་པོར་འཛིན་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་སྐུལ་འདེད་གཏོང་བ། སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་དང་དོ་དམ་བྱེད་པར་ཤུགས་སྣོན་པ། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ཐད་ནས་སྤུས་འདེགས་ནུས་སྤེལ་བྱེད་པར་སྐུལ་འདེད་བཏང་སྟེ། མཚོ་སྔོན་གྱི་ཆུ་དྭངས་རི་ལྗང་གི་རང་མདངས་དང་རིན་ཐང་ཇེ་མཐོར་གཏོང་དགོས། དེ་ནི་མི་རིགས་མཐུན་སྒྲིལ་གྱི་གཅིག་བསྡུས་དུས་སྐབས་ཡིན་པས། ང་ཚོས་ཕུལ་བྱུང་སྲོལ་རྒྱུན་དར་སྤེལ་གཏོང་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་གཙོ་ཐིག་ཏུ་བྱེད་པ། མཉམ་མྱོང་བཞིའི་གཅིག་མཐུན་ཚོགས་པའི་འདུ་ཤེས་ཇེ་བརྟན་དུ་གཏོང་བ། མོས་མཐུན་ལྔ་རྒྱུན་མ་ཆད་པར་ཇེ་དྲག་ཏུ་གཏོང་བ། མི་རིགས་སོ་སོའི་བར་གྱི་འགྲོ་འོང་བརྗེ་རེས་དང་མཉམ་བསྲེས་ལ་སྐུལ་འདེད་བཏང་ནས། རིགས་སོ་སོའི་མང་ཚོགས་ཀྱིས་མཛའ་མཐུན་ཟབ་མོ་དང་སྐྱིད་སྡུག་མཉམ་མྱོང་། མཉམ་ལས་རོགས་རེས་བྱེད་དགོས། དེ་ནི་ཚུལ་སྒྱུར་འཕེལ་རྒྱས་ཀྱི་དུས་སྐབས་བཟང་བོ་ཡིན་པས། ང་ཚོས་སྐོར་ཐེངས་དང་པོའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་བཅོས་སྒྱུར་འཕེལ་རྒྱས་ཀྱི་ཆོས་ཉིད་ཁོང་དུ་ཆུད་པར་བྱེད་པ་དང་། མཚོ་སྔོན་མཐོ་སྒང་གི་ནུས་ཁུངས་ཐོན་ཁུངས་ཀྱི་དགེ་མཚན་ལ་རྒྱབ་བརྟེན་པ། ལྗང་མདོག་རྩིས་ནུས་སྣེ་ཁྲིད་དུ་བྱས་པའི་ཐོན་སྐྱེད་ནུས་ཤུགས་གསར་མ་མྱུར་དུ་འཕེལ་རྒྱས་སུ་བཏང་སྟེ། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུ་བཏོད་དགོས། དེ་ནི་ལས་བྱེད་པའི་སྤྱོད་ཚུལ་མཐོར་འདེགས་གཏོང་བའི་དུས་སྐབས་ཡིན་པས། ང་ཚོས་ལས་བྱེད་པས་སྒྲུབ་དགོས་པ་དང་བསམ་ཕྱོགས་གསལ་དགོས་པ། རང་གཅུན་ནན་མོ་བྱེད་དགོས་པའི་མངོན་གསལ་གྱི་ཁྲིད་ཕྱོགས་བརྟན་པོ་འཛུགས་པ་དང་། མཚོ་སྔོན་ལ་རྒྱུས་ལོན་བྱེད་པ་དང་མཚོ་སྔོན་ལ་དགའ་ཞེན་བཅངས་པ། མཚོ་སྔོན་དར་རྒྱས་གཏོང་བའི་སྒུལ་ཤུགས་ཆེན་པོ་གཅིག་ཏུ་བསྡུས་ནས། དངོས་གཉེར་ཤུགས་ལྡན་སྒོས་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས།

ཁྲེན་ཀང་གིས་བསྟན་དོན། ལོ་རྒྱུས་ཀྱི་གོ་སྐབས་བཟང་བོ་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གནད་འགག་དུས་སྐབས་སུ་བསྒྱུར་ན། ཞིང་ཆེན་གོང་འོག་ཡོངས་ཀྱིས་དངོས་གཉེར་ཁག་ཁུར་དང་མཉམ་དུ་འབད་འཐབ་བྱེད་དགོས་པ་དང་། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པ་དང་ཤེས་ལྡན་མི་སྣའི་རོགས་སྐྱོར་རྒྱབ་སྐྱོར་དགོས། ཚང་མས་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་མྱོང་བ་དེ་རྩ་ཆེ་བའི་བསམ་པའི་རྒྱུ་ནོར་དུ་བརྩི་བ་དང་། མི་ཚེའི་དམིགས་བསལ་གྱི་བརྒྱུད་རིམ་དང་མྱོང་བར་གཅེས་སྤྲས་བྱེད་པ། དམིགས་བསལ་གྱི་ཕྱིར་དྲན་ཡིད་ལ་དམ་པོར་བཟུང་ནས། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བརྒྱུད་རིམ་དེ་མཚོ་སྔོན་ལ་བཅངས་པའི་བརྩེ་སེམས་ཟབ་མོ་རུ་བསྒྱུར་དགོས།

ཝུའུ་ཞའོ་ཅུན་གྱིས་བསྟན་དོན། ཁ་གཏད་རོགས་སྐྱོར་དང་ཤར་ནུབ་རྒྱུད་མཉམ་ལས་ལག་བསྟར་བྱེད་རྒྱུ་ནི། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་སུ་གཏོང་བའི་ཆེ་ཕྱོགས་ནས་བཏོན་པའི་འཐབ་ཇུས་ཀྱི་བཀོད་སྒྲིག་གལ་ཆེན་ཡིན། ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་རྒྱ་ཆེའི་ལས་བྱེད་པ་དང་ཤེས་ལྡན་མི་སྣས་མངགས་བཅོལ་ཡིད་ལ་དམ་པོར་བཟུང་བ་དང་མུ་མཐུད་མདུན་སྐྱོད་བྱས་པ་དང་། སེམས་ཤུགས་ཡོད་ཚད་མཚོ་སྔོན་ལ་རྒྱུས་ལོན་བྱེད་པ་དང་མཚོ་སྔོན་ལ་དགའ་ཞེན་བཅངས་པ། མཚོ་སྔོན་དར་རྒྱས་གཏོང་བའི་ལག་ལེན་ཁྲོད་ཟབ་ཞུགས་བྱེད་པ། ཐོན་ལས་ཐད་ནས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པ་དང་སློབ་གསོའི་ཐད་ནས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པ། སྨན་བཅོས་ཐད་ནས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པ། ཚན་རྩལ་ཐད་ནས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པ་སོགས་ཕྱོགས་ནས། གྲུབ་འབྲས་གཡུར་དུ་ཟ་བ་བླངས་པ་དེ་མཚོ་སྔོན་གྱི་རིགས་སོ་སོའི་མང་ཚོགས་ཀྱིས་ནམ་ཡང་བརྗེད་མི་སྲིད། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པ་དང་ཤེས་ལྡན་མི་སྣས་མཚོ་སྔོན་འཕེལ་རྒྱས་ཀྱི་དགེ་མཚན་གསར་བར་རྐང་འཛུགས་པ་དང་། མཚོ་སྔོན་འཕེལ་རྒྱས་ཀྱི་གོ་སྐབས་གསར་བ་དམ་འཛིན་བྱེད་པ། དུས་རབས་གསར་བའི་རོགས་སྐྱོར་མཉམ་ལས་ཐད་ནང་དོན་གསར་བ་བསྣན་ནས། ཁ་གཏད་རོགས་སྐྱོར་དང་ཤར་ནུབ་རྒྱུད་མཉམ་ལས་ཆུ་ཚད་གསར་བ་ཞིག་ཏུ་སླེབས་པར་སྐུལ་འདེད་གགཏོང་དགོས། ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་ཆབ་སྲིད་སྟེང་དང་བྱ་བའི་སྟེང་། འཚོ་བའི་སྟེང་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པ་དང་ཤེས་ལྡན་མི་སྣར་སྔར་ལས་སེམས་ཁུར་བྱེད་པ་དང་། སྔར་ལས་དྲོད་ཁོལ་ལྡན་པ་དང་སྔར་ལས་གཏིང་ཟབ་པ། སྔར་ལས་ཤུགས་ལྡན་པའི་ཞབས་ཞུ་འགན་སྲུང་འདོན་སྤྲོད་བྱེད་པ། བྱ་བར་གྲོས་སྡུར་བྱས་ནས་སེམས་ཁྲལ་ཐག་བཅད་དེ། ལས་གཉེར་ལས་སྐྲུན་གྱི་བྱ་བ་དང་འཚོ་བ། འཕེལ་རྒྱས་བཅས་ཀྱི་ཁོར་ཡུག་བསྐྲུན་རྒྱུའི་རེ་བ་བཏོན།

ཞིང་ཆེན་གྱི་མགོ་ཁྲིད་ཀྲའོ་ཡུའེ་ཞ་དང་ཚེ་རིང་ཐར། ཀྲུའུ་ཞང་ཧྥིན། ལིའུ་ཁྲའོ་བཅས་གྲོས་ཚོགས་ལ་ཞུགས།  །

 
རྩོམ་སྒྲིག་པ། : གསང་བདག་རྒྱལ།