ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ས་གནས་དངུལ་བུན་ཉེན་ཁ་འགོག་ཟོན་ཐག་གཅོད་ལས་དོན་གྱི་བརྙན་ལམ་ཚོགས་འདུ་འཚོགས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2024-03-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཁྲེན་ཀང་གིས་མགོ་འཛིན་མཛད་དེ་གསུང་བཤད་གནང་། ཝུའུ་ཞའོ་ཅུན་གྱིས་གསུང་བཤད་གནང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས27ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ས་གནས་དངུལ་བུན་ཉེན་ཁ་འགོག་ཟོན་ཐག་གཅོད་ལས་དོན་བརྙན་ལམ་ཚོགས་འདུ་ཟི་ལིང་དུ་འཚོགས། ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་སློབ་སྦྱོང་ལག་བསྟར་ཟབ་མོ་བྱས་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ས་གནས་དངུལ་བུན་ཉེན་ཁ་འགོག་ཟོན་ཐག་གཅོད་ལས་དོན་གྱི་བརྙན་ལམ་ཚོགས་འདུའི་བླང་བྱ་ཕྱོགས་ཡོངས་ནས་དངོས་འབེབས་བྱས་ཏེ། ད་ལོའི་ཞིང་ཆེན་ཡོངས་ཀྱི་དངུལ་བུན་ཉེན་ཁ་འགོག་ཟོན་ཐག་ཅོད་ལས་དོན་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཁྲེན་ཀང་གིས་མགོ་འཛིན་མཛད་དེ་གསུང་བཤད་གནང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་གསུང་བཤད་གནང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིའུ་ཆི་ཧྥན་ཚོགས་འདུར་ཞུགས།

ཚོགས་ཐོག་ནས། ན་ནིང་ནས་བཟུང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྟོབས་ལྡན་པའི་མགོ་ཁྲིད་འོག ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ཐུན་མོང་འབད་པ་བྱས་པ་བརྒྱུད། ས་གནས་དངུལ་བུན་ཉེན་ཁ་འགོག་ཟོན་ཐག་གཅོད་ལས་དོན་ལ་དུས་མཚམས་རང་བཞིན་གྱི་ཕན་འབྲས་བླངས། ད་ལོར་རང་ཞིང་གི་ས་གནས་དངུལ་བུན་ཉེན་ཁ་འགོག་ཟོན་ཐག་གཅོད་ལས་འགན་སྔར་བཞིན་དཀའ་ཁག་ཆེ་བས། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ཆབ་སྲིད་ལངས་གནས་སྔར་ལས་མཐོར་འདེགས་པ་དང་། འགན་འཁྲི་འདུ་ཤེས་དང་རྒྱུད་ཁོངས་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། སྤྱི་དང་བྱེ་བྲག མིག་སྔར་དང་རྒྱང་རིང་། འཕེལ་རྒྱས་དང་བདེ་འཇགས་བཅས་ལ་སྤྱི་འདོམས་ཡག་པོ་བྱེད་པ། དངུལ་བུན་ཉེན་ཁ་བསགས་པ་ཐག་གཅོད་ཡག་པོ་བྱས་ཏེ། དངུལ་བུན་ཉེན་ཁ་གསར་འཕར་གཏན་འགོག་བྱེད་དགོས། ས་གནས་སྲིད་གཞུང་གི་དངུལ་བུན་མུ་མཐུད་དུ་ཐག་གཅོད་ཟབ་མོ་བྱེད་པ་དང་། ནོར་དཔལ་སྒྲིག་ལམ་གཟབ་ནན་དུ་གཏོང་བ། འཚོ་བ་ངན་ངོན་རོལ་བའི་བླང་བྱ་མཐའ་གཅིག་ཏུ་དངོས་འབེབས་བྱས་ཏེ། སྤྱིར་བཏང་རང་བཞིན་གྱི་དངུལ་གཏོང་དོ་སྡོམ་ནན་མོ་བྱེད་དགོས། དངུལ་སྡུད་སྟེགས་བུའི་དངུལ་བུན་མུ་མཐུད་དུ་ཐག་གཅོད་ཟབ་མོ་བྱེད་པ་དང་། ཉེན་ཁ་ཆེ་བའི་སྟེགས་བུའི་དངུལ་བུན་སྔ་མོ་ནས་ཐག་གཅོད་བྱེད་པ། དངུལ་སྡུད་དོ་དམ་གསར་འཕར་ལ་ཤུགས་བསྣན་ནས། དངུལ་སྡུད་སྟེགས་བུའི་བཅོས་སྒྱུར་ཚུལ་སྒྱུར་ལ་རིགས་དབྱེ་སྒོས་སྐུལ་འདེད་གཏོང་དགོས། དངུལ་ལོར་སྒྲིག་གཞི་ཆུང་འབྲིང་གི་ཉེན་ཁ་མུ་མཐུད་དུ་ཐག་གཅོད་བྱེད་པ་དང་། ལས་དོན་བྱེད་ཐབས་ཞིབ་མོར་བཟོ་བ། ཐག་གཅོད་རྣམ་པ་རྒྱ་བསྐྱེད་ནས། བཅོས་སྐྱོང་ཆུ་ཚད་མཐོར་འདེགས་དགོས། དངུལ་ཆད་བྱུང་བའི་ཁེ་ལས་ཀྱི་དངུལ་ཐོ་མུ་མཐུད་དུ་ཐག་གཅོད་ཟབ་མོ་བྱེད་པ་དང་། དངུལ་ཆད་དངོས་འབེབས་བྱེད་ཤུགས་ཆེར་བསྐྱེད་ནས། “རིམ་པ་རིམ་པས་ཐག་གཅོད་པ”མངོན་དུ་འགྱུར་བར་སྐུལ་འདེད་ཤུགས་ཆེར་གཏོང་དགོས། དངུལ་སྡུད་མ་ཡིན་པའི་སྟེགས་བུའི་དངུལ་བུན་ཉེན་ཁ་མུ་མཐུད་དུ་ཐག་གཅོད་ཟབ་མོ་བྱེད་པ་དང་། དངུལ་བུན་ཐག་གཅོད་བརྒྱུད་ལམ་གསལ་པོར་བཟོ་བ། དངུལ་ལོར་རྒྱབ་སྐྱོར་ཆེར་བསྐྱེད་ནས། བག་ནུས་ཉེན་ཁ་འགོག་ཟོན་བྱེད་དགོས། ཕན་ཕྱོད་མཐོ་བའི་སྲིད་གཞུང་དངུལ་བུན་དོ་དམ་ལམ་སྲོལ་འཛུགས་པ་དང་། ཚད་ལྡན་དངུལ་གཏོང་དངུལ་སྡུད་ལམ་སྲོལ་འཐུས་ཚང་དུ་གཏོང་བ། རྒྱུད་ཁོངས་ལྡན་པའི་ལས་གཞི་དངུལ་གཏོང་དོ་དམ་ལམ་སྲོལ་ཆ་ཚང་བཙུགས་ནས། སྒྲིག་འགལ་དངུལ་བུན་ཞུ་གཏུག་དང་ངོ་བོ་སྒྱུར་བའི་དངུལ་བུན་ཞུ་གཏུག་བརྒྱུད་ལམ་མཐའ་གཅིག་ཏུ་འགོག་དགོས། དངུལ་བུན་ཐག་གཅོད་དང་འཕེལ་རྒྱས་སྤྱི་འདོམས་སྒོས་ལེགས་པར་འཛིན་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཁྲོད་དངུལ་བུན་ཉེན་ཁ་ཐག་གཅོད་ལ་སྐུལ་འདེད་བཏང་སྟེ། དཔལ་འབྱོར་སླར་གསོ་བཟང་འཕེལ་གྱི་གནས་སྟངས་མུ་མཐུད་དུ་སྲ་བརྟན་དང་ཇེ་དྲག་ཏུ་གཏོང་དགོས་པར་བསྟན།

ཚོགས་ཐོག་ནས། བསམ་བློའི་ངོས་འཛིན་ཇེ་ཟབ་ཏུ་གཏོང་བ་དང་། ཡང་དག་པའི་སྲིད་བྱས་ལྟ་བ་བརྟན་པོར་འཛུགས་པ། དངུལ་བུན་ཐག་གཅོད་ལས་དོན་དེ་ངེས་པར་ལེགས་སྒྲུབ་དགོས་པའི་ལས་འགན་ཆེན་མོར་བརྩི་བ་དང་། འཕེལ་རྒྱས་འདུ་ཤེས་དང་འཕེལ་རྒྱས་རྣམ་པ་མྱུར་ཏུ་འགྱུར་བའི་གོ་སྐབས་སུ་བརྩི་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགན་ལེན་གལ་ཆེན་དུ་བརྩིས་ཤིང་། འགག་སྒྲོལ་དམག་འཐབ་རྣམ་འགྱུར་དང་ཡུན་འཐབ་དམག་འཁྲུག་གི་སྙིང་རུས་ལ་བརྟེན་ནས། ཡུལ་ཁོངས་རང་བཞིན་དང་རྒྱུད་ཁོངས་རང་བཞིན་གྱི་ཉེན་ཁ་མི་འབྱུང་བའི་ཚད་མཐའ་བརྟན་པོར་སྲུང་དགོས། འགན་འཁྲི་མཐའ་གཅིག་ཏུ་ཕྲག་ཏུ་ལེན་པ་དང་། ཕྱོགས་སོ་སོའི་ཐོན་ཁུངས་སྟོབས་ཤུགས་སྡུད་སྒྲིག་བཀོད་གཏོང་བྱེད་པ། གཙོ་གནད་ཡུལ་ཁོངས་དང་ཁྱབ་ཁོངས། ལས་དོན་གྱི་དོ་སྣང་བྱེད་ཤུགས་ཆེར་སྐྱེད་པ། ས་ཁུལ་མི་འདྲ་བ་དང་ལས་དོན་མི་འདྲ་བར་ཁ་གཏད་ཅིང་བྱེད་ཐབས་མི་འདྲ་བ་སྤྱད་ནས་སྐུལ་འདེད་བཏང་སྟེ། རང་འགན་རང་གཉེར་དང་ཤུགས་སྡུད་འགག་སྒྲོལ་སྒྲུབ་ཐུབ་པར་བྱེད་དགོས། ཕན་ནུས་ལྡན་པར་ལས་དོན་ལ་སྐུལ་འདེད་གཏོང་བ་དང་། ལས་འགན་དབྱེ་དགར་ཞིབ་ཕྲར་གཏོང་བ། སྲིད་ཇུས་བཀོལ་བ་དང་ཕྱོགས་མང་པོའི་རྒྱབ་སྐྱོར་བརྩོན་ལེན་བྱེད་པ། ས་གནས་སོ་སོའི་ཉམས་མྱོང་ལ་དཔེ་ལྟ་བ་བཅས་བེད་སྤྱོད་ལེགས་པོ་བྱས་ཏེ། དངུལ་བུན་ཐག་གཅོད་འཕེལ་འགྲོས་ཇེ་མགྱོགས་སུ་གཏོང་དགོས། དངོས་གཉེར་སྤྱོད་ཚུལ་རྒྱུན་སྲུང་བྱེད་པ་དང་། ཁག་ཁུར་བྱས་ཡོད་ཇེ་དྲག་ཏུ་གཏོང་བ། སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་པ། དངུལ་བུན་ཐག་གཅོད་ལས་དོན་དང་གཞན་པའི་ལས་དོན་ཁག་གི་འབྲེལ་བ་ཐག་གཅོད་ལེགས་པོ་བྱས་ཏེ། སྔར་ལས་མང་པའི་ལས་དོན་གྲུབ་འབྲས་འབད་པས་ཆགས་པར་བྱེད་དགོས་པར་ནན་གྱིས་བསྟན།

ཚོགས་ཐོག་ནས། ཧྲིན་ཀྲང་གཞོན་པ་ལིའུ་ཁྲའོ་ཡིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ས་གནས་དངུལ་བུན་ཉེན་ཁ་འགོག་ཟོན་ཐག་གཅོད་ལས་དོན་གྱི་བརྙན་ལམ་ཚོགས་འདུའི་དགོངས་དོན་བརྒྱུད་སྒྲོག་བྱས་པ་དང་། ཞིང་ཆེན་ནོར་སྲིད་ཐིང་དང་ཟི་ལིང་གྲོང་ཁྱེར། མཚོ་ཤར་གྲོང་ཁྱེར། ཀྲུང་གོའི་མི་དམངས་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་བཅས་ཀྱི་འགན་འཁུར་བློ་མཐུན་གྱིས་གཏམ་བཤད།

ཚོགས་འདུ་ནི་བརྙན་ལམ་རྣམ་པས་འཚོགས་པ་དང་། ཞིང་ཆེན་དུ་ཚོགས་ར་གཙོ་བོ་དང་། གྲོང་ཁྱེར་དང་ཁུལ་སོ་སོར་ཡན་ལག་ཚོགས་ར་བཙུགས་ཡོད། ཞིང་ཆེན་མགོ་ཁྲིད་ཝང་ཝའེ་ཏུང་དང་ཀྲའོ་ཡུའེ་ཞ། དབྱང་ཧྥ་སིན། ཝུའུ་ལ་ཙི་པའེ་ཁུ་རེ་སུའུ་ལི་ཧན། ལུའི་ཀང་། ལི་ཧུང་ཡ་བཅས་ཚོགས་ར་གཙོ་བོའམ་ཡན་ལག་ཚོགས་རར་ཞུགས། ། 

 
རྩོམ་སྒྲིག་པ། : གསང་བདག་རྒྱལ།