ཀྲུང་གོ་བོད་ཀྱི་དྲ་བ།

​ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱུན་ལས་གྲོས་ཚོགས་ཐེངས་བརྒྱད་པ་བསྡུས་ནས་ནན་ཏན་སྒོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2024-03-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས15ཉིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཀྱིས་མགོ་འཛིན་བྱས་ནས་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱུན་ལས་གྲོས་ཚོགས་ཐེངས་བརྒྱད་པ་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཚོགས་ཆེན་གཉིས་སྐབས་སུ་གནང་བའི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་དང་། རྒྱལ་ཡོངས་ཚོགས་ཆེན་གཉིས་དང་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱས་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་པ་དང་། ལག་བསྟར་དོན་འཁྱོལ་གྱི་བསམ་འཆར་ལ་ཞིབ་འཇུག་བྱས།

མགོན་པོ་བཀྲ་ཤིས་ཀྱིས་བསྟན་དོན། ད་ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ནི་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ75འཁོར་བ་དང་། མི་དམངས་སྲིད་གྲོས་བཙུགས་ནས་ལོ75འཁོར་བའི་གནད་འགག་དུས་སྐབས་སུ་བསྡུས་པའི་གྲོས་ཚོགས་ཧ་ཅང་གལ་ཆེན་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་སྐབས་སུ་གསུངས་བཤད་གལ་ཆེན་རབ་དང་རིམ་པ་གནང་ཞིང་། དེས་རྒྱལ་སྤྱི་དང་རྒྱལ་ནང་གི་གནས་བབ་ལ་ཚན་རིག་དང་མཐུན་པའི་བརྡར་གཅོད་གནང་བ་དང་། སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་ལས་དོན་ཐད་བསམ་གཞིགས་ཞིབ་མོ་གནང་བ་ལེགས་པར་མཚོན་ཡོད་ལ། ང་ཚོས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལ་གོ་བ་ཟབ་མོ་ལེན་པ་དང་། རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་ལ་རྒྱུས་ལོན་ཡང་དག་བྱེད་པ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་གསར་བ་འབྲི་བར་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་འདོན་སྤྲོད་བྱས་ཡོད།  ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་གྲོས་རྩ་འཛུགས་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་རྣམས་ཀྱིས་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གཙོ་བོར་བརྩིས་ནས། བསམ་བློ་དང་བྱ་སྤྱོད་གཉིས་རྒྱལ་ཡོངས་ཚོགས་ཆེན་གཉིས་དང་ཞིང་ཆེན་ཏང་ཨུའི་རྒྱུན་ལས་གྲོས་ཚོགས་ཀྱི་དགོངས་དོན་སྟེང་གཅིག་གྱུར་བྱས་ཏེ། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་བླང་བྱ་སྔར་ལས་ཞིབ་མོས་དོན་འཁྱོལ་བྱེད་པར་ཁག་ཐེག་བྱེད་དགོས།

མགོན་པོ་བཀྲ་ཤིས་ཀྱིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་ཡོངས་ཚོགས་ཆེན་གཉིས་སྐབས་ཀྱི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་དང་ཟུང་འབྲེལ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་བཏོན་པའི་བླང་བྱ་གལ་ཆེན་དང་ཟུང་འབྲེལ་བྱས་ནས། ཟབ་སྒྱུར་ལེགས་བཅོས་གཞན་སྒྱུར་གྱི་བྱ་བ་བཟང་པོར་སྒྲུབ་སྟེ། ཏང་གི་དྲིན་བསམ་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་པའི་དབྱངས་རྟ་མཚོན་པར་བྱེད་དགོས། རྒྱལ་ཡོངས་ཚོགས་ཆེན་གཉིས་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་བླང་བྱར་དམིགས་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན། རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཞིང་ཆེན་གསར་འཛུགས་སོགས་ཀྱི་ལས་གཞིར་གཞིགས་ནས། འགན་སྒྲུབ་ཁག་ཁུར་དང་། མཚོ་སྔོན་ལ་རྒྱུས་ལོན་བྱེད་པ་དང་མཚོ་སྔོན་ལ་དགའ་ཞེན་བཅངས་པ། མཚོ་སྔོན་དར་རྒྱས་གཏོང་བའི་ལས་དོན་ཡག་པོར་སྒྲུབ་དགོས། འཐབ་ཕྱོགས་གཅིག་གྱུར་གྱི་རྩ་འཛུགས་ནུས་པའི་ངེས་གནས་ལ་རྐང་བཙུགས་ནས། གསར་དར་སྲིད་ཏང་ལམ་ལུགས་ཀྱི་དགེ་མཚན་དང་། མི་རིགས་ཆོས་ལུགས་སྡེ་ཁག་ཨུ་ཡོན་གྱི་དམིགས་བསལ་དགེ་མཚན། ཞང་ཀང་དང་ཨོ་མིན་ཨུ་ཡོན་གྱི་གཙོ་གནད་གཉིས་ཀྱི་བྱེད་ནུས་འདོན་སྤེལ་གང་ལེགས་བྱེད་པ་དང་། ཐུན་མོང་ཡར་བརྩོན་གྱི་སྟོབས་ཤུགས་ཚད་ཆེས་ཆེ་བའི་སྒོ་ནས་གཅིག་སྡུད་བྱས་ཏེ། མཐུན་པའི་ལག་གདང་སྦྲེལ་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་སེམས་མཐུན་དཔེ་རིས་འབྲི་དགོས། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་བྱ་བའི་འཆར་འགོད་དང་འགན་ནུས་ལག་བསྟར་སོགས་ཀྱི་ཕྱོགས་སོ་སོ་དང་བརྒྱུད་རིམ་ཧྲིལ་བོར་དོན་འཁྱོལ་བྱས་ནས། སྲོལ་རྒྱུན་བཟང་པོ་དར་སྤེལ་དང་ཆབ་སྲིད་འགན་འཁྲི་དམ་འཛིན་བྱེད་པ་དང་། རང་ངོས་འཛུགས་སྐྲུན་ལ་ཤུགས་སྣོན་བྱས་ཏེ། ལས་བྱེད་པས་སྒྲུབ་དགོས་པ་དང་། བསམ་ཕྱོགས་གསལ་དགོས་པ། རང་གཅུན་ནན་མོ་བྱེད་དགོས་པའི་དབྱངས་རྟ་གཙོ་བོ་ལེགས་པོར་དཀྲོལ་དགོས།

གྲོས་ཚོགས་སྟེང་། ནན་ཅིན་སློབ་ཆེན་ཁོར་ཡུག་སློབ་གླིང་གི་དགེ་རྒན་ཆེན་མོ་ལིས་ཨའེ་མེན་གྱིས་གདན་ཞུ་ལྟར་ཁ་བྱང་ལ་དུས་རབས་གསར་བའི་འབྲི་ཆུའི་སྐྱེ་ཁམས་ཁོར་ཡུག་གི་མདུན་དུ་ལྷགས་པའི་གནད་དོན་དང་འཐབ་ཇུས་ཞེས་པའི་ཆེད་དོན་འཆད་ཁྲིད་སྤེལ།

རིན་ཆེན་རྣམ་རྒྱལ་དང་། ཝང་ཀྲིན་ཁྲང་། ཀྲང་ཞའོ་རུང་། མཱ་ཧྥིན་ཧྲིན། ལི་ཞའོ་ནན། ཐེན་ཁུའེ། ལིའུ་ཏ་ཡེ། གསེར་ཁྲི་ཆོས་ཀྱི་བློ་གྲོས་རྒྱ་མཚོ། མཱ་ཡུའེ་ཞང་། ཕིན་ཡིའུ་ཏུང་། དབྱང་ཁོ་ཞང་། ཞའེ་པའོ་ཨིན་བཅས་དང་། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་སོགས་གྲོས་ཚོགས་ལ་ཞུགས། །

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།