ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་གྱིས་ཕྱོགས་ཡོངས་ནས་ཚོན་མདོག་མཐོ་སྒང་བགྲོད་ལམ་དང་རབ་མཛེས་མཚོ་སྔོན་བཤུལ་ལམ་གྱི་གཞུང་ལམ་ཆས་རྟགས་བསྐྲུན་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2024-03-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས17ཉིན། མཚོ་སྔོན་པོ་ཡུལ་སྐོར་ཆེད་སྤྱོད་གཞུང་ལམ་བཟོ་འགོད་ཀྱི་རིག་སྨོན་ནས་ནུ་ལྕེ་བར་གྱི་འཛུགས་སྐྲུན་ཡུལ་དངོས་སུ། འཛུགས་སྐྲུན་པས་ཤུགས་ཆེན་པོས་བཟོ་འགོད་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། ལས་གཞི་འདི་ད་ལོའི་ཟླ5པའི་ཟླ་མཇུག་བར་དུ་ལེགས་འགྲུབ་བྱ་རྩིས་ཡོད། མཚོ་སྔོན་འགྲིམ་འགྲུལ་ཡུལ་སྐོར་མཉམ་འདྲེས་ཆས་རྟགས་ཀྱི་སྣང་བརྙན་མཐོར་འདེགས་ཆེད། ད་ལོར་མཚོ་སྔོན་གྱིས་ལམ་ལུགས་ལེགས་བཅོས་དང་སྲིད་ཇུས་རྒྱབ་སྐྱོར། ལམ་དྲ་འཐུས་ཚང་། ཞབས་ཞུ་མཐོར་འདེགས་སོགས་ཀྱི་ཐད་ནས་འགྲིམ་འགྲུལ་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ་དང་། ཕྱོགས་ཡོངས་ནས་ཚོན་མདོག་མཐོ་སྒང་བགྲོད་ལམ་དང་རབ་མཛེས་མཚོ་སྔོན་བཤུལ་ལམ་གྱི་གཞུང་ལམ་ཆས་རྟགས་བསྐྲུན་ནས། རིགས་སྣ་མང་པོའི་མཐོ་སྒང་བགྲོད་ལམ་ཡུལ་སྐོར་འཕེལ་རྒྱས་ཐབས་ལམ་འཚོལ་ཞིབ་བྱས་ཏེ། ས་ཁོངས་ཧྲིལ་བོའི་ཡུལ་སྐོར་འཕེལ་རྒྱས་ལ་རོགས་འདེགས་བྱ་རྒྱུ་རེད།

གསར་འགོད་པས་མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་ཐིན་ནས་རྒྱུས་ལོན་པ་ལྟར་ན། མཚོ་སྔོན་གྱིས་གྲོང་ཁྱེར་དང་ཁུལ8ཀྱི་ཐོན་ཁུངས་བྱེད་ནུས་ལ་རྐང་བཙུགས་ཏེ། སྐལ་བཟང་མེ་ཏོག་འདབ་བརྒྱད་མ་མཚོན་རྟགས་ཡིན་པའི་ཞབས་ཞུ་ས་ཁུལ་གྱི་ཚོང་རྟགས་གཅིག་སྡུད་གསར་སྐྲུན་བྱས་ནས། མགྱོགས་མྱུར་ངང་ཞབས་ཞུ་ས་ཁུལ﹢རིག་གནས་ཡུལ་སྐོར་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། མེ་ཏོག་རྒྱ་མཚོའི་ཞབས་ཞུ་ཁུལ་དང་ཧི་ནན་རྩེད་ཆུ་ཞབས་ཞུ་ཁུལ་འཛུགས་སྐྲུན་དེ་མཚོ་སྔོན་ས་ཁོངས་རིག་གནས་དང་ཁྱད་ལྡན་བཟའ་བཏུང་། གཟུགས་འདས་ཤུལ་བཞག་རིག་གནས་རོལ་མྱོང་། དམངས་སྲོལ་བྱ་འགུལ་སོགས་གཅིག་སྡུད་ཡིན་པའི་འགྲིམ་འགྲུལ་ཡུལ་སྐོར་མཉམ་འདྲེས་ཞབས་ཞུ་ཁུལ་དུ་འཛུགས་སྐྲུན་བྱ་རྒྱུ་རེད། 

དུས་མཚུངས་སུ། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་ཀྱི་རྣམ་པ་གསར་བར་གཞིགས་ཏེ། ཟི་ལིང་ལྟེ་ཡིན་པ་དང་། མཚོ་སྔོན་གྱི་གཙོ་གནད་ཡུལ་སྐོར་ཐོན་ཁུངས་སྦྲེལ་ཐག་ཡིན་པ། ཤར་དུ་རྨ་ཙོང་དང་རེབ་གོང་སྒྱུ་རྩལ། རྨ་ཆུ་བཞུར་རྒྱུད། ཐང་བོད་གནའ་ལམ། ནུབ་དུ་ཁུ་ནུ་རི་རྒྱུད་དང་དར་གོས་ལྷོ་ལམ། མདོ་ལའི་འབྲོག་ཐང་སོགས་བརྗོད་དོན་ཆེན་མོ་བདུན་གྱི་ཁྱམས་ར་གཙོ་བོར་བྱས་པའི་ཡུལ་སྐོར་ལམ་ཐིག་དྲ་བ་གཅིག་ཏུ་སྦྲེལ་ཡོད། དེ་ལས་གཞན་ཞིང་སྡེའི་བཞི་བཟང་གཞུང་ལམ་འཛུགས་སྐྲུན་བྱེད་པར་བརྟེན་ནས། ཚོན་མདོག་ལམ་ངོས་དང་ཡུལ་སྐོར་མཚོན་རྟགས་སོགས་ཡུལ་སྐོར་གཞི་རྒྱུ་མཉམ་འདྲེས་ལ་སྐུལ་འདེད་བཏང་སྟེ། ཡུལ་བབ་དང་བསྟུན་ནས་ལིན་ཧུའུ་གནམ་དཔྱད་ལྟ་ཞིབ་རྟེན་གཞི་དང་ཉི་ཟླ་བོད་རིགས་ཤང་ཙོང་ཅ་ཀུ་སོགས་བརྗོད་གཞི་གསལ་བའི་དྲ་གྲགས་འགྲོད་ས་གསར་འཛུགས་བྱས་ནས། མཚོ་སྔོན་བྱང་རི་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་བསྐོར་བའི་ཡུལ་སྐོར་ལྗོངས་ཁུལ་འཆར་འགོད་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ་དང་། ཧུར་ཐག་གིས་ཚོན་མདོག་མཐོ་སྒང་བགྲོད་ལམ་དེ་མཚོ་སྔོན་འགྲིམ་འགྲུལ་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་སྤུས་ཚད་མཐོ་བའི་དཔེ་མཚོན་དུ་བསྐྲུན་ཏེ། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས་འཛུགས་སྐྲུན་ལ་རོགས་འདེགས་དང་སྐུལ་འདེད་བྱ་རྒྱུ་རེད། །

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།