ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་གྱི་སྐོར་དང་པོའི་དངུལ་རྩའི་རྩོད་གཞི་འདུམ་འགྲིག་ཁང11བཙུགས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རྡོ་རྗེ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2024-03-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིནཟླ3པའི་ཚེས12ཉིན་རྒྱལ་ཁབ་དངུལ་རྩའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ་མཚོ་སྔོན་ལྟ་སྐུལ་དོ་དམ་ཅུའུ་དང་མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གཉིས་ཀྱིས2024ལོའི་མཚོ་སྔོན་ཞིང་ཆེན་གྱི་དངུལ་རྩའི་རྩོད་གཞི་འདུམ་འགྲིག་ལས་དོན་གྱི་སྐུལ་སྤེལ་ཚོགས་འདུ་མཉམ་དུ་བསྡུས་ཏེ། སྐོར་དང་པོར་བཙུགས་པའི་དངུལ་རྩའི་རྩོད་གཞི་འདུམ་འགྲིག་ཁང11གི་དངུལ་ཁང་འགན་སྲུང་སྒྲིག་གཞི་ལ་སྒོ་བྱང་སྤྲད་ནས། དངུལ་རྩའི་ཁྱབ་ཁོངས་ཀྱི་འགལ་བ་དང་རྩོད་གཞིའི་གཏུག་བཤེར་ཡོང་ཁུངས་བཅོས་སྒྲིག་ལ་མཉམ་དུ་སྐུལ་འདེད་བཏང་པ་མ་ཟད་ཞིང་ཆེན་ཡོངས་ཀྱི་དངུལ་རྩའི་ཁྲོམ་ར་འཆམ་མཐུན་དང་བདེ་ཐང་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་།

དངུལ་རྩའི་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་བྱ་རྒྱུ་ནི་དངུལ་རྩའི་ལས་དོན་ཁྲོད་མི་དམངས་དང་བར་ཐག་ཆེས་ཉེ་ཞིང་མི་དམངས་དང་འབྲེལ་འདྲིས་ཆེས་དམ་པའི་ཁྱབ་ཁོངས་ཤིག་ཡིན་པས། དངུལ་རྩའི་རྩོད་གཞི་འདུམ་འགྲིག་ཁང་འཛུགས་པ་ནི་གཞི་རིམ་གྱི་འདུམ་འགྲིག་སྟོབས་ཤུགས་སྡེབ་སྒྲིག་དང་། གཞི་རིམ་གྱི་ལས་ཀའི་རྨང་གཞི་ཇེ་བརྟན་ཏུ་གཏོང་བ། གཞི་རིམ་གྱི་འདུམ་འགྲིག་སྟེགས་བུ་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ། འགལ་བ་དང་རྩོད་གཞི་འདུམ་འགྲིག་གི་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ་དང་རང་ས་གནས་སུ་མི་དམངས་མང་ཚོགས་ཀྱི་འགལ་བ་དང་རྩོད་གཞི་ཐག་གཅོད་པའི་ནུས་ལྡན་གྱི་ཚོད་ལྟ་ཞིག་ཡིན་པས། དངུལ་རྩའི་བདེ་འཇགས་དང་བརྟན་བརླིང་། སྤྱི་ཚོགས་ཀྱི་འདྲ་མཉམ་དང་དྲང་བདེན། འཆམ་མཐུན་ལ་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན།

དངུལ་རྩའི་རྩོད་གཞི་འདུམ་འགྲིག་ཁང་གིས་དངུལ་རྩའི་སྒྲིག་གཞིའི་ལས་རིགས་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་བྱས་པ་བརྒྱུད་དེ་ཁྲིམས་འཛིན་ལས་ཁུངས་ཀྱི་ཞབས་ཞུའི་འགན་ནུས་ཀྱི་ཁྱབ་རྒྱ་ཇེ་ཆེར་བཏང་སྟེ་འདུམ་འགྲིག་གི་བྱ་ཐབས་ལ་བརྟེན་ནས་དངུལ་རྩའི་འགལ་བ་དང་རྩོད་གཞི་ངོ་བོ་རང་བཞིན་གྱིས་ཐག་གཅོད་པར་སྐུལ་འདེད་བཏང་བ་མ་ཟད། མཚོ་སྔོན་ཁྲིམས་ཁང་གིས་རང་འགུལ་ཁྲིམས་འཛིན་ཐད་འཚོལ་ཞིབ་དང་གསར་གཏོད་བྱས་པ་ཞིག་ཀྱང་ཡིན་པས། མཚོ་སྔོན་གྱི་དངུལ་རྩའི་རིགས་ཀྱི་རྩོད་གཞི་འདུམ་འགྲིག་ལས་དོན་ལ་བྱས་རྗེས་གསར་བ་འཇོག་ཐུབ་ངེས་རེད།

འབྲེལ་ཡོད་སྡེ་ཁག་སོ་སོས་གཅིག་རྗེས་གཉིས་མཐུད་ངང་དངུལ་རྩའི་ལས་དོན་གྱི་ཆབ་སྲིད་རང་བཞིན་དང་མི་དམངས་རང་བཞིན་ཁོང་དུ་གཏིང་ཟབ་ངང་ཆུད་པ་དང་། དངུལ་རྩའི་རྩོད་གཞི་འདུམ་འགྲིག་གི་ལས་དོན་གྱི་གྲུབ་འབྲས་སྲ་བརྟན་དང་ཇེ་ལེགས་སུ་གཏོང་བ།“འབྲེལ་ཐག་ཧྲིལ་པོའི”མཉམ་འགུལ་མ་ལག་འཛུགས་པ། འགལ་ཟླ་འདུམ་འགྲིག་གི་དོན་དག་ཆུང་ཆུང་ལ་གཞིར་བཟུང་ནས་དམངས་ལ་ཞབས་འདེགས་ཞུ་བའི་ལས་དོན་ཆེན་པོ་ཏན་ཏིག་གིས་བསྒྲུབས་ཏེ་དངུལ་རྩའི་རྩོད་གཞི་ཐབས་མང་ལ་བརྟེན་ནས་འདུམ་འགྲིག་བྱེད་པའི་ལས་དོན་དེ་མ་ལག་ཅན་དང་ཚད་ལྡན་ཅན་དུ་འགྱུར་བར་མཉམ་དུ་སྐུལ་འདེད་བཏང་སྟེ། དངུལ་རྩའི་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་ལ་ངེས་པ་དོན་གྱིས་སྲུང་སྐྱོང་བྱས་ནས་དངུལ་རྩའི་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་གི་ལས་དོན་ལ་ཧུར་ཐག་གིས་རྣམ་པ་གསར་བ་བསྐྲུན་དགོས་ཟེར། །

 
རྩོམ་སྒྲིག་པ། : རྡོ་རྗེ་སྐྱིད།