ཀྲུང་གོ་བོད་ཀྱི་དྲ་བ།

འཐུས་མི་ལིའུ་ཞའོ་རུང་དང་མ་ཧྥུའུ་ཁྲང་གིས་མཚོ་སྔོན་གྱི་གཞི་རྩའི་རྒན་གསོའི་ཞབས་ཞུའི་མ་ལག་འཛུགས་སྐྲུན་གྱི་སྲིད་ཇུས་མ་དངུལ་ཐད་གཟིགས་སྐྱོང་དང་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་དགོས་པའི་གྲོས་འགོ་བཏོན།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2024-03-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་། མཚོ་སྔོན་ཞིང་ཆེན་གྱིས་མ་དངུལ་གཏོང་ཚད་མུ་མཐུད་དུ་ཆེ་རུ་བཏང་ནས་རྒན་གསོའི་ཞབས་ཞུའི་མཁོ་སྤྲོད་བསྡོམས་འབོར་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བ་དང་སྤུས་ཚད་རིམ་བཞིན་མཐོ་རུ་འགྲོ་བར་སྐུལ་འདེད་བཏང་མོད། འོན་ཀྱང་མཚོ་སྔོན་ཞིང་ཆེན་གྱི་མི་གྲངས་ན་རྒས་ཅན་དུ་འགྱུར་ཚད་རྒྱུན་མཐུད་ངང་ཇེ་མང་དུ་སོང་བ་དང་བསྟུན། བགྲེས་པོའི་རྒན་གསོའི་ཞབས་ཞུའི་དགོས་མཁོ་སྔར་བཞིན་ཆེ་རུ་འགྲོ་བཞིན་ཡོད། མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་ལིའུ་ཞའོ་རུང་དང་མ་ཧྥུའུ་ཁྲང་གིས་མཚོ་སྔོན་གྱི་གཞི་རྩའི་རྒན་གསོ་ཞབས་ཞུའི་མ་ལག་འཛུགས་སྐྲུན་གྱི་སྲིད་ཇུས་མ་དངུལ་ལ་གཟིགས་སྐྱོང་དང་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས་པའི་གྲོས་འགོ་བཏོན།

གྲོས་འགོའི་ནང་རྒྱལ་ཁབ་ཀྱི་འབྲེལ་ཡོད་སྡེ་ཁག་གིས་མཚོ་སྔོན་ཞིང་ཆེན་གྱི་སྡེ་ཁུལ་གྱི་ཁྱིམ་སྡོད་རྒན་གསོའི་ཞབས་ཞུ་འཕེལ་རྒྱས་གཏོང་བར་མ་དངུལ་གཏོང་ཤུགས་སྔར་ལས་ཇེ་ཆེར་གཏོང་བ་དང་ལྷག་པར་དུ་མཚོ་སྔོན་ཞིང་ཆེན་གྱི་བགྲེས་པོའི་ཁྱིམ་ཚང་གི་བགྲེས་པོར་འཚམ་པའི་བསྒྱུར་བཀོད་རྣམ་གྲངས་དང་། སྡེ་ཁུལ་གྱི་ཁྱིམ་སྡོད་བགྲེས་པོའི་ཟས་སྐྱོར་ཞབས་ཞུར་གཟིགས་སྐྱོང་དང་རྒྱབ་སྐྱོར་བྱས་ཏེ། བགྲེས་པོའི་ཁྱིམ་སྡོད་རྒན་གསོའི་ཞབས་ཞུའི་དགོས་མཁོ་སྔར་ལས་ལེགས་པའི་ངང་སྐོང་ཐུབ་པ་བྱེད་དགོས་པར་བཏོན་ཡོད་ལ། རང་ཞིང་གིས་ཁྱིམ་སྡོད་རྒན་གསོའི་ཞབས་ཞུ་གཙོ་གནད་དུ་འཛིན་པའི་གྲོང་གསེབ་དང་འབྲོག་ཁུལ་གྱི་རྒན་གསོའི་ཞབས་ཞུའི་མ་ལག་འཛུགས་སྐྲུན་ཐད་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་དགོས་པ་དང་། ལྷག་པར་དུ་གྲོང་གསེབ་དང་འབྲོག་ཁུལ་གྱི་རྒན་གསོའི་ཕན་ཚུན་རོགས་རེས་ཞབས་ཞུའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་བ་བརྒྱུད། མཚོ་སྔོན་གྱི་རོང་འབྲོག་ཁུལ་གྱི་བགྲེས་པོར་ཉིན་ལྟར་ཟ་མ་མཁོ་འདོན་བྱེད་པ་སོགས་ཉིན་མོའི་ལྟ་རྟོག་ཞབས་ཞུ་མངོན་འགྱུར་ཡོང་ཆེད་རྨང་གཞི་བརྟན་པོ་འཛུགས་རྒྱུ་དང་། ཀྲུང་དབྱང་དང་ས་གནས་ཀྱིས་མཉམ་གཅིག་ཏུ་གཞི་རྩའི་རྒན་གསོའི་ཞབས་ཞུའི་ཐད་ལ་བཏང་བའི་མ་དངུལ་གྱི་འགན་འཁུར་བའི་འགན་སྲུང་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས་པ་མ་ཟད། ལོ་རེ་བཞིན་འཕར་སྣོན་བརྟན་བརླིང་ཡིན་པ་དང་འགུལ་རྣམ་ལེགས་སྒྲིག་བྱེད་དགོས་པའི་གྲོས་འགོ་བཏོན།  །  

 
རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།