ཀྲུང་གོ་བོད་ཀྱི་དྲ་བ།

ནུབ་བྱང་གི་ཞིང་ལྗོངས་ལྔའི་སྲིད་གྲོས་ཀྲུའུ་ཞིས་མིང་མཉམ་འགོད་ཀྱིས་དར་གོས་ལམ་བུའི་གློག་ལྗང་བར་ཁྱམས་དང་ནུབ་བྱང་གི་གློག་ལྗང་དཔེ་སྟོན་ཁུལ་གསར་སྐྲུན་བྱེད་པར་རྒྱབ་སྐྱོར་བྱེད་དགོས་པའི་གྲོས་གཞི་བཏོན།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2024-03-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ནུས་ཁུངས་ནི་མིའི་རིགས་ཀྱི་དཔལ་ཡོན་ཡར་ཐོན་ཡོང་བའི་རྨང་གཞི་དང་སྒུལ་ཤུགས་ཡིན་ཞིང་། རྒྱལ་ཇུས་དམངས་འཚོ་དང་རྒྱལ་ཁབ་ཀྱི་བདེ་འཇགས་བརྟན་བརླིང་དང་འབྲེལ་བ་ཡོད། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པར་ཞུགས་པའི་མཚོ་སྔོན་ཞིང་ཆེན་དང་ཧྲའན་ཞི་ཞིང་ཆེན། ཀན་སུའུ་ཞིང་ཆེན། ཉིང་ཞ་ཧུའེ་རིགས་རང་སྐྱོང་ལྗོངས། ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་བཅས་ཀྱི་སྲིད་གྲོས་ཀྲུའུ་ཞིས་མིང་མཉམ་འགོད་ཀྱིས་ཚོགས་ཆེན་ལ་གྲོས་གཞི་བཏོན་ནས་དར་གོས་ལམ་བུའི་གློག་ལྗང་བར་ཁྱམས་དང་ནུབ་བྱང་གི་གློག་ལྗང་དཔེ་སྟོན་ཁུལ་གསར་སྐྲུན་བྱ་རྒྱུར་རྒྱབ་སྐྱོར་བྱེད་དགོས་པའི་གྲོས་གཞི་བཏོན།

མིང་མཉམ་འགོད་ཀྱི་གྲོས་གཞིའི་ནང་ནུབ་བྱང་ས་ཁུལ་གྱི་ས་ཁོངས་རྒྱ་ཆེ་ལ་ནུས་རྒྱུའི་ཐོན་ཁུངས་སྣ་ཚོགས་ཧ་ཅང་ཕུན་སུམ་ཚོགས་པ་ཡིན་པ་དང་། རང་རྒྱལ་གྱི་ནུས་རྒྱུ་མཁོ་སྤྲོད་འགན་ལེན་གྱི་རྟེན་གཞི་གལ་ཆེན་ཡིན། ཉེ་བའི་ལོ་འགའི་རིང་ནུབ་བྱང་གི་ཞིང་ཆེན(རང་སྐྱོང་ལྗོངས)ལྔས་ནུས་རྒྱུའི་ཐོན་ཁུངས་རང་སྤུས་ལ་གཞི་ཚུགས་ནས། ནུས་རྒྱུའི་ཁྱབ་ཁོངས་མགྱོགས་མྱུར་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་། 2022ལོའི་ལོ་མཇུག་བར་ནུབ་བྱང་ས་ཁུལ་གྱི་གློག་ཤུགས་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ལས་གློག་འདོན་ཚད་ཆན་ཝ་དུང་ཕྱུར་3.78ཟིན་པ་དང་། དེས་རྒྱལ་ཡོངས་ཀྱི་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་འདོན་ཚད་ཀྱི14.74%ཟུན། དེའི་ནང་ནུས་རྒྱུ་གསར་པའི་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་འདོན་ཚད་ཆན་ཝ་དུང་ཕྱུར1.75ཟིན་པ་དེས་ནུབ་བྱང་གི་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་འདོན་ཚད་བསྡོམས་འབོར་གྱི་46.3%ཟུན་ཡོད་ནའང་། ནུབ་བྱང་ས་ཁུལ་གྱི་ནུས་ཁུངས་ལྗང་མདོག་ཐཱན་ཉུང་རིགས་བསྒྱུར་གོང་སྤེལ་ལ་ཚོད་འཛིན་བྱེད་པའི་རྒྱུ་རྐྱེན་ཡང་གནས་ཡོད།

གྲོས་གཞིའི་ནང་གསོག་འཐེན་དང་མེ་གློག་སོགས་སྙོམས་སྒྲིག་རང་བཞིན་གྱི་རམ་འདེགས་གློག་ཁུངས་འཆར་འགོད་བཀོད་སྒྲིག་དང་རྣམ་གྲངས་ལག་བསྟར་ཐད་གཟིགས་སྐྱོང་བྱས་ནས་མཚོ་སྔོན་དུ་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་ཐོན་ལས་ཀྱི་མཐོ་སར་གསར་སྐྲུན་བྱེད་པར་གཙོར་བྱས་ནས་རྒྱབ་སྐྱོར་བྱེད་དགོས་པ་དང་། ནུབ་བྱང་གི་ཞིང་ཆེན(རང་སྐྱོང་ལྗོངས)ལྔའི་ཆུ་གློག(ཆུ་འཐེན་ནུས་གསོག་གློག་ཁང་ཚུད་པ)དང་། མེ་ཤུགས་གློག་འཕྲིན། རང་བྱུང་སོལ་རླངས་གློག་འདོན་སོགས་རྣམ་གྲངས་རྒྱལ་ཁབ་ཀྱི་འཆར་འགོད་ནང་བཞག་ནས་རྒྱབ་སྐྱོར་བྱས་ཏེ་རྨ་ཆུའི་ཧེ་ཧྲན་འགག་གི་ཆུ་བེད་ལྟེ་བའི་བཟོ་འགོད་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། རྩེ་རིམ་ཇུས་འགོད་དང་སྲིད་ཇུས་ཀྱི་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྒྱལ་སྤྱིའི་ཚོང་ར་འབྲེལ་མཐུད་བྱེད་པ། ནུས་ཁུངས་གསར་པའི་ཐོན་ལས་ཚད་ལྡན་གྱི་ཚད་གཞི་མགྱོགས་མྱུར་ངང་འཛུགས་པ། ཧུར་ཐག་སྒོས་ནུས་ཁུངས་གཙང་མ་ཡིན་པའི་ཤེས་བྱའི་ཐོན་དངོས་བདག་དབང་སྲུང་སྐྱོང་བྱེད་པར་སྐུལ་འདེད་གཏོང་བ། ནུས་ཁུངས་གསར་པའི་ཐོན་ལས་རྒྱལ་སྤྱི་ཅན་དུ་འཕེལ་རྒྱས་འགྲོ་བར་རོགས་སྐྱོར་བཅས་བྱ་དགོས་ལ། ནུབ་བྱང་གི་ཞིང་ཆེན(རང་སྐྱོང་ལྗོངས)ལྔས་གློག་དྲའི་དྲ་སྒྲོམ་གྱི་གྲུབ་ཆ་འཐུས་ཚང་དུ་གཏོང་རྒྱུར་རྒྱབ་སྐྱོར་བྱས་ཏེ་ཞིང་ཆེན(རང་སྐྱོང་ལྗོངས)ལྔས་ནུས་རྒྱུ་གསར་པ་གསར་སྤེལ་དང་གསར་དུ་འཕར་བའི་དགོས་མཁོ་སྐོང་ཐུབ་པའི་གློག་དྲའི་རྣམ་གྲངས་དེ་རྒྱལ་ཁབ་ཀྱི་འཆར་འགོད་ནང་བཞག་ནས་རྒྱབ་སྐྱོར་བྱས་ཏེ། ཞིང་ཆེན(རང་སྐྱོང་ལྗོངས)ལྔའི་བར་ཕན་ཚུན་སྦྲེལ་སྐྱོར་གྱི་གཙོ་གནད་གློག་དྲའི་རྣམ་གྲངས་སྔོན་ལ་བཀོད་སྒྲིག་བྱེད་དགོས་པ་དང་། ནུབ་བྱང་ས་ཁུལ་ལ་གཟིགས་སྐྱོང་བྱེད་པའི་ལྗང་མདོག་གློག་ཤུགས་ཉོ་ཚོང་གི་སྲིད་ཇུས་དང་། བཟོ་ལས་ཁྱབ་ཁོངས་ཀྱི་ལྗང་མདོག་ནུས་ཁུངས་འཛད་སྤྱོད་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས། སྣེ་མང་ཅན་གྱི་བསྡུ་ཉར་སེལ་བའི་ལམ་ལུགས་འཛུགས་པ། ནུབ་བྱང་གི་ལྗང་མདོག་ནུས་རྒྱུ་སྤྱོད་པའི་དཔེ་སྟོན་ཁུལ་གཏོད་པར་རྒྱབ་སྐྱོར་བཅས་བྱེད་དགོས། སྔར་ལས་ལྷག་པར་རྒྱང་ལྟའི་རང་བཞིན་དང་བརྒྱུད་རིམ་རང་བཞིན། འཐབ་ཇུས་རང་བཞིན་བཅས་ཀྱི་ནུས་རྒྱུའི་གསོག་འཇོག་གི་འགག་རྩའི་ལག་རྩལ་ཞིབ་འཇུག་གསར་སྤེལ་གྱི་འགག་སྒྲོལ་ཤུགས་བསྣན་པ་དང་། ཞིང་ཆེན(རང་སྐྱོང་ལྗོངས)ལྔ་ལ་རྒྱལ་ཁབ་རིམ་པའི་ནུས་རྒྱུའི་གཙོ་གནད་ཚོད་ལྟ་ཁང་དང་བཟོ་འགོད་ཞིབ་འཇུག་གསར་སྤེལ་ལྟེ་གནས་སོགས་འཛུགས་པར་རྒྱབ་སྐྱོར་བྱེད་པ། ནུས་རྒྱུའི་གསོག་འཇོག་རིན་གོང་ལམ་ལུགས་དང་། ནུས་རྒྱུའི་གསོག་འཇོག་ལག་རྩལ། དེ་བཞིན་བཀོལ་སྤྱོད་ཚད་གཞིའི་མ་ལག་བཅས་མགྱོགས་མྱུར་ངང་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། མཚོ་སྔོན་གྱི“ནུས་རྒྱུ་གསར་པ་ནུས་རྒྱུ་གསོག་འཇོག་བཅས”གློག་ཤུགས་ས་ཚུགས་ཇུས་འགོད་ཚད་ལྡན་དང་བཀོད་གཏོང་ཚད་གཞི་བཟོ་བར་མཛུབ་ཁྲིད་བྱེད་དགོས་པ་མ་ཟད། རྣམ་གྲངས་དང་ཤེས་ལྡན་པ། མ་དངུལ། ལག་རྩལ་བཅས་ཀྱི་ཐད་རྒྱབ་སྐྱོར་ཡང་བྱེད་དགོས་པར་བསྟན།  །  

 
རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།