ཀྲུང་གོ་བོད་ཀྱི་དྲ་བ།

འཐུས་མི་རིན་ཆེན་བཀྲ་ཤིས་ཀྱིས་རོགས་སྐྱོར་མཉམ་ལས་བྱེད་པའི་ཞིང་ཆེན་བར་གྱི་ཡུལ་ཚོ་དང་སྡེ་བ་རིམ་པ་གཉིས་ཀྱི་ལས་བྱེད་པའི་བརྗེ་རེས་དང་ལས་འཁུར་སྦྱོར་བརྡར་ལམ་ལུགས་འཛུགས་རྒྱུའི་གྲོས་གཞི་བཏོན།

ཡོང་ཁུངས། : གངས་ལྗོངས་མེ་ལོང་།     སྤེལ་དུས། : 2024-03-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཡུལ་ཚོ་དང་སྡེ་བ་རིམ་པ་གཉིས་ཀྱི་ལས་བྱེད་པའི་དཔུང་སྡེ་ནི་ཞིང་སྡེ་དང་ཆེས་ཐག་ཉེ་བ་དང་ཞིང་བར་ཆེས་ཆ་རྒྱུས་ཡོད་པའི་སྟོབས་ཤུགས་གཙོ་བོ་ཡིན་ལ། གྲོང་གསེབ་དར་སྤེལ་གྱི་ཆེས་མཐའ་མཇུག་གི་སྤྱི་ལེ་གཅིག་གེགས་མེད་ཤར་གཏོང་བྱེད་པའི་སྟོབས་ཤུགས་གཙོ་བོ་ཡང་ཡིན་ན་ཡང་། མིག་སྔར་ཤེས་ལྡན་མི་སྣ་དཀོན་པ་དེ་གྲོང་གསེབ་དར་སྤེལ་ལ་བཀག་འགོག་བྱེད་པའི་རྒྱུ་རྐྱེན་གཙོ་བོའི་གྲས་ཀྱི་གཅིག་ཡིན། རང་ཞིང་གི་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་རིན་ཆེན་བཀྲ་ཤིས་ཀྱིས་རོགས་སྐྱོར་མཉམ་ལས་བྱེད་པའི་ཞིང་ཆེན་བར་གྱི་ཡུལ་ཚོ་དང་སྡེ་བ་རིམ་པ་གཉིས་ཀྱི་ལས་བྱེད་པའི་བརྗེ་རེས་དང་ལས་འཁུར་སྦྱོང་བརྡར་ལམ་ལུགས་འཛུགས་རྒྱུའི་གྲོས་གཞི་བཏོན།

གྲོས་གཞིའི་ནང་བཤད་རྒྱུར། ཉེ་བའི་ལོ་འགའི་རིང་ལ། པེ་ཅིང་དང་ཧྲང་ཧེ། ཐེན་ཅིན། ཀྲེ་ཅང་། ཧྲན་ཏུང་སོགས་རོགས་སྐྱོར་མཉམ་ལས་ཞིང་ཆེན་དང་གྲོང་ཁྱེར་གྱིས་ཕུལ་བྱུང་ལས་བྱེད་པ་མཚོ་སྔོན་དུ་མངག་ནས་ལས་འཁུར་སྦྱོང་བརྡར་དང་བརྗེ་རེས་བྱས་པ་དང་། རང་ཞིང་གིས་ཀྱང་ལས་བྱེད་པ་མང་པོ་འབྲེལ་ཡོད་ཞིང་ཆེན་དང་གྲོང་ཁྱེར་ལ་མངག་གཏོང་བྱས་ནས་བརྗེ་རེས་སློབ་སྦྱོང་བྱས་ཏེ། གྲོང་གསེབ་དར་སྤེལ་བྱ་བར་སྐུལ་འདེད་ཤུགས་ཆེན་བཏང་། ཡིན་ན་ཡང་བརྗེ་རེས་དང་ལས་འཁུར་སྦྱོང་བརྡར་བྱེད་པའི་ལས་བྱེད་པ་དག་གཙོ་བོར་ཞིང་ཆེན་དང་ཁུལ། རྫོང་དུ་གཅིག་བསྡུ་བྱས་ཡོད་པ་དང་། ཡུལ་ཚོ་དང་སྡེ་བ་རིམ་པ་གཉིས་ལ་ལས་བྱེད་པ་དང་ཤེས་ལྡན་མི་སྣ་དཀོན་པའི་གནད་དོན་སྔར་བཞིན་འབུར་ཐོན་ཡིན་པས། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་ངོས་རིམ་ནས་མཉམ་དུ་སྐུལ་འདེད་གཏོང་བ་དང་། རོགས་སྐྱོར་མཉམ་ལས་བྱེད་པའི་ཞིང་ཆེན་བར་གྱི་ཡུལ་ཚོ་དང་སྡེ་བ་རིམ་པ་གཉིས་ཀྱི་ལས་བྱེད་པའི་བརྗེ་རེས་དང་ལས་འཁུར་སྦྱོང་བརྡར་ལམ་ལུགས་འཛུགས་པ། ལོ་གཉིས་རིང་གི་དུས་བཅད་འགོད་པ། རོགས་སྐྱོར་མཉམ་ལས་བྱེད་པའི་ཞིང་ཆེན་ཕན་ཚུན་བར་དུ་ཕུལ་དུ་བྱུང་བའི་ཞིང་སྡེའི་ལས་བྱེད་པ་མངག་གཏོང་བྱེད་པ། ཕ་རོལ་བའི་ཡུལ་ཚོ་དང་སྡེ་བ་རུ་སོང་ནས་ལས་འཁུར་སྦྱོང་བརྡར་དང་སློབ་སྦྱོང་བྱེད་པ། ཉམས་མྱོང་སློབ་སྦྱོང་བྱེད་པ་དང་མཐོང་རྒྱ་ཆེར་བསྐྱེད་པ། ནུས་པ་མཐོར་འདེགས་གཏོང་བ་བརྒྱུད་དེ། གྲོང་གསེབ་དར་སྤེལ་གྱི་སྟོབས་ཤུགས་གཙོ་བོར་འགྱུར་བར་བྱ་རྒྱུའི་གྲོས་གཞི་བཏོན།  །


 
རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།