ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་འཐུས་ཚབ་ཚོགས་པས་རྒྱལ་ཁབ་རིམ་པའི་རྣམ་པ་གསར་བའི་ནུས་ཁུངས་མ་ལག་གི་ཚན་ཞིབ་དཔེ་སྟོན་ས་ཁུལ་གསར་འཛུགས་བྱ་རྒྱུའི་གྲོས་གཞི་བཏོན།

ཡོང་ཁུངས། : གངས་ལྗོངས་མེ་ལོང་།     སྤེལ་དུས། : 2024-03-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དམིགས་བསལ་གྱི་དག་གཙང་ནུས་ཁུངས་དང་ནུས་ཁུངས་གསར་བའི་གློག་འདོན་ཞིང་ཆེན་ཡིན་པའི་ཆ་ནས། མཚོ་སྔོན་གྱི་དག་གཙང་ནུས་ཁུངས་ཀྱི་རིགས་སྣ་ཕུན་སུམ་ཚོགས་པ་དང་། ལེགས་བསྡུས་ཞིབ་གཉེར་ཅན་གྱི་ཁྱད་སྟོབས་འབུར་དུ་ཐོན་ཡོད་ལ། ཕྱོགས་བསྡུས་གསར་སྤེལ་གྱི་ཆ་རྐྱེན་གཞན་ལས་ལྷག ཞིང་ཆེན་ཡོངས་ཀྱི་ནུས་ཁུངས་གསར་བའི་འཕྲུལ་ཆས་སྒྲིག་སྦྱོར་དང་གློག་འདོན་ཚད་ཀྱིས་རྒྱལ་ཡོངས་ནས་བསྡུར་ཚད་གཙོ་བོ་གཉིས་སྔོན་ལ་མངོན་འགྱུར་བྱུང་ཡོད་ཀྱང་། བསྟུད་མར་རྣམ་པ་གསར་བའི་གློག་ཤུགས་མ་ལག་གི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་གནས་ཚུལ་འོག དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མགྱོགས་མྱུར་འཕེལ་རྒྱས་དང་གཞོགས་འདེགས་རང་བཞིན་གྱི་ཚན་ཞིབ་རྨང་གཞིའི་སྒྲིག་ཆས་ཀྱི་འགལ་བ་འབུར་ཐོན་དུ་མངོན་ཡོད། མཚོ་སྔོན་འཐུས་ཚབ་ཚོགས་པས་ཚད་གཞི་མཐོ་བའི་སྒོ་ནས་མཚོ་སྔོན་ཞིང་ཆེན་གྱི་རྣམ་པ་གསར་བའི་གློག་ཤུགས་མ་ལག་གི་ཚན་ཞིབ་དཔེ་སྟོན་རྟེན་གཞི་འཛུགས་སྐྲུན་བྱས་ནས། རྒྱལ་ཁབ་རིམ་པའི་རྣམ་པ་གསར་བའི་ནུས་ཁུངས་མ་ལག་གི་ཚན་ཞིབ་དཔེ་སྟོན་ས་ཁུལ་གསར་འཛུགས་བྱ་རྒྱུའི་གྲོས་གཞི་བཏོན།

མཚོ་སྔོན་འཐུས་ཚབ་ཚོགས་པས་མཚོ་སྔོན་དུ་ནུས་ཁུངས་གསར་བའི་ཐོན་ཁུངས་ཕུན་སུམ་ཚོགས་པ་གཅིག་འདུས་བྱས་ཡོད་པ་དང་། གཞི་རྒྱ་ཅན་གྱི་གསར་སྤེལ་འཆར་གཞིའི་ནང་བཞག་པའི་ས་ཁུལ་ནས་ནུས་ཁུངས་གསར་བའི་གློག་འདོན་དང་དངོས་དཔང་། བཤེར་འཇལ། ཚོད་ལྟ། ཚན་ཞིབ་བཅས་བྱེད་ནུས་མང་བོ་གཞི་གཅིག་ཏུ་གྱུར་བའི་རིག་ནུས་ཅན་དང་གཞི་གྲངས་ཅན་གྱི་རྣམ་པ་གསར་བའི་གློག་ཤུགས་མ་ལག་གི་ཚན་ཞིབ་དཔེ་སྟོན་རྟེན་གཞི་འཛུགས་སྐྲུན་བྱས་ཏེ། རྣམ་པ་གསར་བའི་ནུས་ཁུངས་ཁྱབ་ཁོངས་ཀྱི་ཚན་ཞིབ་འགག་སྒྲོལ་བྱ་བ་སྤེལ་བར་གཞོགས་འདེགས་བྱེད་དགོས་པ་དང་། རོགས་ལས་བྱ་བའི་རྐྱེན་སྲོལ་བཙུགས་ནས་སྲིད་གཞུང་དང་ཁེ་ལས། མཐོ་རིམ་སློབ་གྲྭ་སོགས་ཕྱོགས་སོ་སོའི་ཁྱད་སྟོབས་ཐོན་ཁུངས་གཅིག་འདོམས་བྱས་ཏེ། འདྲིལ་ཤུགས་ཆགས་པར་བྱས་ནས་མཚོ་སྔོན་གྱི་རྣམ་པ་གསར་བའི་གློག་ཤུགས་མ་ལག་གི་ཚན་ཞིབ་དཔེ་སྟོན་རྟེན་གཞིའི་འཛུགས་སྐྲུན་བྱ་བར་སྐུལ་འདེད་གཏོང་དགོས་ལ། ཚན་ཞིབ་ཀྱི་མ་དངུལ་གཏོང་ཚད་ཇེ་ཆེར་གཏོང་བ་དང་། ཚད་གཞི་མཐོ་བའི་སྒོ་ནས་རིག་ནུས་ཅན་དང་གཞི་གྲངས་ཅན་གྱི་རྣམ་པ་གསར་བའི་གློག་ཤུགས་མ་ལག་དང་རྣམ་པ་གསར་བའི་ནུས་ཁུངས་མ་ལག་གི་ཚན་ཞིབ་དཔེ་སྟོན་རྟེན་གཞི་འཛུགས་སྐྲུན་བྱས་ནས། མཚོ་སྔོན་ཞིང་ཆེན་གྱི་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཚན་རྩལ་གྱི་གཞོགས་འདེགས་འདོན་སྤྲོད་བྱེད་པ་དང་རྒྱལ་ཡོངས་ཀྱི་དག་གཙང་ནུས་ཁུངས་སྤོ་སྒྱུར་དང་འཕེལ་རྒྱས་ཐད་མཚོ་སྔོན་གྱི་མིག་དཔེ་འདོན་དགོས་པར་མ་ཟད། ཚན་ཞིབ་སྟེགས་བུའི་འཛུགས་སྐྲུན་ལ་བརྟེན་ནས་ཤར་ནུབ་ཕྱོགས་ཀྱི་འཇོན་མིའི་རོགས་སྐྱོར་ཤུགས་ཚད་ཇེ་ཆེར་གཏོང་བ་དང་། ཤར་ཕྱོགས་ཁྱད་སྟོབས་ཀྱི་ཚན་རྩལ་ཐོན་ཁུངས་མཚོ་སྔོན་ཞིག་ཆེན་དུ་གཅིག་འདུས་བྱེད་པར་སྐུལ་འདེད་གཏོང་དགོས་ལ། མཐོ་རིམ་འཇོན་མི་ནང་འགུག་བྱས་ཏེ་མཚོ་སྔོན་ཞིང་ཆེན་གྱི་ཆེད་དུ་ཕུལ་བྱུང་འཇོན་མི་གསོ་སྐྱོང་བྱ་རྒྱུའི་གྲོས་གཞི་བཏོན།  །

 
རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།