ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་ཡོན་མགོན་པོ་བཀྲ་ཤིས་ཀྱིས་གྲོ་ཚང་རྡོ་རྗེ་འཆང་གི་ལོ་རྒྱུས་རིག་གནས་སྲུང་སྐྱོབ་བེད་སྤྱོད་བྱས་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འཛུགས་སྐྲུན་ལ་རོགས་འདེགས་བྱ་རྒྱུའི་གྲོས་གཞི་བཏོན།

ཡོང་ཁུངས། : གངས་ལྗོངས་མེ་ལོང་།     སྤེལ་དུས། : 2024-03-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གྲོ་ཚང་རྡོ་རྗེ་འཆང་གི་ཕུན་སུམ་ཚོགས་ཤིང་ཐུན་མོང་མ་ཡིན་པའི་ལོ་རྒྱུས་རིག་གནས་ཐོན་ཁུངས་སྲུང་སྐྱོབ་བེད་སྤྱོད་བྱས་ཏེ་དེའི་ཁྲོད་ཀྱི་དུས་རབས་ཀྱི་རིན་ཐང་སྔོག་འདོན་ཟབ་མོ་བྱ་རྒྱུ་དེ་ལོ་རྒྱུས་ཀྱི་རྒྱུན་མཐུད་པ་དང་རིག་གནས་ཡིད་ཆེས་ཇེ་བརྟན་དུ་གཏོང་བ། ཀྲུང་གོའི་ཕུགས་མདུན་མངོན་འགྱུར་བྱེད་པའི་བསམ་པའི་སྟོབས་ཤུགས་གཅིག་ཏུ་བསྡུ་བ་བཅས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པའི་མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་མགོན་པོ་བཀྲ་ཤིས་ཀྱིས་མཚོ་སྔོན་གྲོ་ཚང་རྡོ་རྗེ་འཆང་གི་ལོ་རྒྱུས་རིག་གནས་སྲུང་སྐྱོབ་བེད་སྤྱོད་བྱས་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འཛུགས་སྐྲུན་ལ་རོགས་འདེགས་བྱ་རྒྱུའི་གྲོས་གཞི་བཏོན།

གྲོས་གཞིའི་ནང་དུ། གྲོ་ཚང་རྡོ་རྗེ་འཆང་ནི་ནུབ་བྱང་ས་ཁུལ་དུ་མིག་སྔའི་བར་སྲུང་སྐྱོབ་བྱས་པ་ཆེས་ལེགས་པའི་མིང་རྒྱལ་རབས་སྐབས་ཀྱི་ས་དང་ཤིང་ལས་བཟོས་པའི་བཟོ་བཀོད་དང་ལྡེབས་རིས། བརྐོས་རིས་བཅས་གཞི་གཅིག་ཅན་དང་བཀོལ་སྤྱོད་རང་བཞིན་དང་སྒྱུ་རྩལ་རང་བཞིན་ཟུང་འབྲེལ་བཟང་བོ་བྱས་པའི་ཕྱོགས་བསྡུས་རིག་དངོས་ཡིན་པ་དང་། མཐོ་སྒང་གི་གནའ་བོའི་ཕོ་བྲང་ཞེས་པའི་མཚན་སྙན་ཡོད་ལ། རྒྱལ་ཁབ་རིམ་པའི་རིག་དངོས་སྲུང་སྐྱོབ་སྡེ་ཁག་གི་གྲས་སུ་ཚུད་ཡོད་ཅིང་། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་དངོས་དཔང་གཙོ་བོ་ཡིན། གྲོ་ཚང་རྡོ་རྗེ་འཆང་དུ་རྒྱ་བོད་ཤན་སྦྱར་གྱི་ཀྲུང་གོ་ཞེས་ཐ་སྙད་འདི་ཐོག་མར་རྙེད་པའི་མིང་རྒྱལ་རབས་ཀྱི་རྒྱལ་བོས་གནང་བའི་རྡོ་རིང་ཡི་གེ་ཡོད་པ་དང་། དེ་ནི་བོད་བརྒྱུད་ནང་བསྟན་ལས་རིགས་སུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་དངོས་ཡོད་རྣམ་པ་ཞིག་ཡིན་ཞེས་བཤད་ཡོད།

མགོན་པོ་བཀྲ་ཤིས་ཀྱིས་རྒྱལ་ཁབ་མི་རིགས་ཆོས་ལུགས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་ལོ་རྒྱུས་རིག་གནས་ཉམས་ཞིབ་རྟེན་གཞིའི་སྒོ་བྱང་འགེལ་བར་རྒྱབ་སྐྱོབ་བྱ་རྒྱུ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་རིག་པའི་ཁྲོད་ཀྱི་ཡན་ལག་རིག་ཚན་གྲོ་ཚང་རྡོ་རྗེ་འཆང་གི་རིག་པ་འཚོལ་ཞིབ་བྱས་ཏེ་བཙུགས་ནས་གྲོ་ཚང་རྡོ་རྗེ་འཆང་གི་རིག་པའི་འཛུགས་སྐྲུན་ལ་ཤུགས་ཆེན་པོས་རྒྱབ་སྐྱོར་བྱ་རྒྱུ། གྲོ་ཚང་རྡོ་རྗེ་འཆང་གི་ལོ་རྒྱུས་རིག་གནས་དང་དེའི་དངོས་ཡོད་དོན་སྙིང་ལ་ཞིབ་འཇུག་ཟབ་མོ་བྱ་རྒྱུ། ལྡེབས་རིས་དར་རྒྱས་གོང་འཕེལ་ཐད་རྒྱབ་སྐྱོར་བྱས་ནས་རིག་དངོས་ལ་གསོན་ཉམས་ལྡན་པར་བྱེད་པ་དང་མིང་གྲགས་ཆེ་རུ་བསྐྱེད་དེ་གྲོ་ཚང་རྡོ་རྗེ་འཆང་གི་ཤུགས་རྐྱེན་རྒྱུན་ཆད་མེད་པར་ཆེ་རུ་བསྐྱེད་རྒྱུ། གནའ་བོའི་ཕྲོ་བྲང་གི་རྟེན་མཛོད་གླིང་གི་གྲོ་ཚང་རྡེ་རྗེ་འཆང་གི་བྱ་བའི་ས་ཚུགས་མཐུན་སྦྱོར་སྒོས་བཙུགས་ནས་གནའ་བོའི་ཕོ་བྲང་གི་རྟེན་མཛོད་གླིང་དང་མཚོ་སྔོན་རིག་དངོས་སྡེ་ཁག དགོན་སྡེ་བཅས་ཕྱོགས་གསུམ་གྱི་མཉམ་ལས་ཞིབ་འཇུག་རྐྱེན་སྲོལ་གྲུབ་པར་བྱ་རྒྱུ། དུས་རབས་གསར་པའི་མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོབ་དང་།  བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་ཡར་སྐུལ་བྱེད་པའི་རིག་གནས་ཁུལ་ཁོངས་འཛུགས་རྒྱུ། གྲོ་ཚང་རྡོ་རྗེ་འཆང་གི་བོད་ཀྱི་གནའ་བོའི་བསྟན་བཅོས་དེ་རྒྱལ་ཁབ་ཀྱི་གནའ་བོའི་བསྟན་བཅོས་ལེགས་སྒྲིག་པར་སྐྲུན་གྱི་རོགས་སྐྱོར་ལས་གཞིའི་ཁྲོད་འཇོག་རྒྱུའི་གྲོས་གཞི་བཏོན།  །

 
རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།