ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་འཐུས་ཚབ་ཚོགས་པས་ས་གཤིས་གནོད་འཚེ་གྲལ་བཤེར་ལྟ་ཞིབ་ཚད་ལེན་འགོག་བཅོས་དང་ཉེན་གཡོལ་གནས་སྤོ་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པའི་གྲོས་གཞི་བཏོན།

ཡོང་ཁུངས། : གངས་ལྗོངས་མེ་ལོང་།     སྤེལ་དུས། : 2024-03-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་འཐུས་ཚབ་ཚོགས་པས་ས་གཤིས་གནོད་འཚེ་གྲལ་བཤེར་ལྟ་ཞིབ་ཚད་ལེན་འགོག་བཅོས་དང་ཉེན་གཡོལ་གནས་སྤོ་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པའི་གྲོས་གཞི་བཏོན།

ས་གཤིས་གནོད་འཚེ་འགོག་བཅོས་ལས་དོན་དེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་དང་འབྲེལ་བ་ཡོད་པ་དང་ཞིང་ཆེན་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་འབྲེལ་བ་ཡོད་པས་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ཞིག་རེད། ཉེ་བའི་ལོ་ཤས་རིང་ཐལ་དྲགས་པའི་གནམ་གཤིས་དང་། ས་ཡོམ། ལས་གཞིའི་བྱེད་སྒོ་སོགས་རྒྱུ་རྐྱེན་མང་པོ་རྩེག་སྣོན་ཐེབས་པའི་རྐྱེན་གྱིས་རང་རེའི་ཞིང་ཆེན་གྱི་ས་གཤིས་གནོད་འཚེ་འབྱུང་ཡུལ་མང་ཞིང་ཁྱབ་རྒྱ་ཆེ་བ་དང་། འབྱུང་སླ་ཞིང་འགོག་དཀའ་བས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འཇིགས་སྐུལ་ཚབས་ཆེན་བཟོས་པ་དང་།གནོད་འགོག་གནས་བབ་ཛ་དྲག་ཆེ་ཞིང་རྙོག་འཛིང་ཆེ། དེ་བས་མཚོ་སྔོན་འཐུས་ཚབ་ཚོགས་པས་ས་གཤིས་གནོད་འཚེ་གྲལ་བཤེར་དང་ལྟ་ཞིབ་ཚད་ལེན་འགོག་བཅོས་དང་ཉེན་གཡོལ་གནས་སྤོ་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པའི་གྲོས་གཞི་བཏོན།

གྲོས་གཞིའི་ནང་རང་རེའི་ཞིང་ཆེན་གྱི་འབྲེལ་ཡོད་སྡེ་ཁག་གིས་འཐབ་ཕྱོགས་དང་པོར་བསྐྱོད་དེ་བརྟག་དཔྱད་ཞིབ་འཇུག་དང་།གནད་དོན་འཚོལ་ཞིབ། བློ་རྩེ་གཅིག་སྒྲིམ་གྱིས་ཞིབ་འཇུག་བཅས་བྱས་པ་བརྒྱུད་ས་གཤིས་གནོད་འཚེའི་ཚན་རིག་དང་མཐུན་པའི་ངོས་འཛིན་ཐད་ཐོལ་བརྒལ་བྱ་དགོས་པ་དང་། ཕྱོགས་བསྡུས་བཅོས་སྐྱོང་བྱེད་ཤུགས་ད་དུང་ཆེ་རུ་གཏོང་དགོས་ལ། ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བའི་ཆུ་ཚད་མཐོར་འདེགས་གཏོང་དགོས། རྒྱལ་ཁབ་ཀྱིས་མཚོ་སྔོན་ཞིང་ཆེན་གྱི་ས་གཤིས་གནོད་འཚེ་འགོག་བཅོས་ལས་དོན་གྱི་གནས་བབ་གསར་པར་བསམ་གཞིགས་བཏང་ནས་མཚོ་སྔོན་གྱི་ས་གཤིས་གནོད་འཚེ་འགོག་བཅོས་ལ་གཟིགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་རེ་བ་ནན་ཞུ་བྱ་རྒྱུ་སྟེ།གཅིག་ནི་ཆེད་སྤྱོད་མ་དངུལ་བགོ་བཤའི་ཁྲོད་གཟིགས་སྐྱོང་དང་རྒྱབ་སྐྱོར་སྔར་ལས་ལྷག་པ་བྱ་རྒྱུ་དང་།གཉིས་ནི་རང་རེའི་ཞིང་ཆེན་གྱི་ས་གཤིས་གནོད་འཚེ་འགོག་བཅོས་ལས་དོན་ལ་ལག་རྩལ་མཛུབ་སྟོན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། གསུམ་ནི་ས་གཤིས་གནོད་འཚེ་འགོག་བཅོས་ལས་དོན་ལ་ལག་རྩལ་རང་བཞིན་དང་ཆེད་ལས་རང་བཞིན་ཅུང་ཆེ་བའི་ཁྱད་ཆོས་ལྡན་པས་ཆེད་ལས་ཤེས་ལྡན་མི་སྣ་དཀོན་པའི་རྣམ་པ་གློ་བུར་དུ་འགྱུར་ལྡོག་གཏོང་དཀའ་བས་རྒྱབ་སྐྱོར་གནང་རྒྱུའི་རེ་བ་ཡོད། གཞན་རང་རེའི་ཞིང་ཆེན་གྱི་ས་གཤིས་གནོད་འཚེའི་འཕྲལ་སྡོམ་སྒྲིག་ཆས་ལ་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས་རང་རེའི་ཞིང་ཆེན་གྱི་གེགས་འགོག་གེགས་སེལ་གྱི་ཚན་རྩལ་ནུས་པ་ཁྱོན་ཡོངས་ནས་ཆེ་རུ་གཏོང་དགོས།  །

 
རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།