ཀྲུང་གོ་བོད་ཀྱི་དྲ་བ།

འཐུས་མི་ཡུན་ཧུང་ཝེ་ཡིས་རྒྱལ་ཁབ་ཀྱི་ལྗང་མདོག་དངུལ་རྩའི་གསར་གཏོད་ཚོད་ལྟ་ཁུལ་འཛུགས་པར་རེ་ཞུའི་འདོན་རྒྱུའི་གྲོས་གཞི་བཏོན།

ཡོང་ཁུངས། : གངས་ལྗོངས་མེ་ལོང་།     སྤེལ་དུས། : 2024-03-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལྗང་མདོག་དངུལ་རྩ་ནི་ཁོར་ཡུག་གི་ཕན་འབྲས་ལྡན་པའི་ཁེ་ལས་དང་ལས་གཞིར་འདོན་སྤྲོད་བྱས་པའི་དངུལ་རྩའི་ཞབས་ཞུ་ཡིན། ཉེ་བའི་ལོ་འགའི་རིང་ལ། རང་ཞིང་གིས་རྒྱལ་ཁབ་ཀྱི་ལྗང་མདོག་འཕེལ་རྒྱས་ཀྱི་འཐབ་ཇུས་ཁྲོད་མཉམ་འདྲེས་ཟབ་མོ་བྱས་པ་དང་། ལྗང་མདོག་དངུལ་རྩ་འཚོལ་ཞིབ་བྱས་པ་དང་གོང་འཕེལ་བཏང་སྟེ། ལྗང་མདོག་དངུལ་རྩ་འཕེལ་རྒྱས་སུ་གཏོང་བའི་ལམ་ལུགས་བཀོད་སྒྲིག་དང་ལས་སྒོའི་རྒྱུད་རིམ། ཞབས་ཞུའི་ཐོན་རྫས་སྐོར་ཞིག་གྲུབ་པར་བྱས། རང་ཞིང་གི་དངུལ་རྩ་ལས་རིགས་ཀྱིས་ཐོན་ལས་ལྗང་མདོག་ཚུལ་སྒྱུར་དང་ལྗང་མདོག་འཕེལ་རྒྱས་སུ་གཏོང་བར་རྒྱབ་སྐྱོར་བྱེད་པའི་ཕྱོགས་ནས་རྨང་གཞི་ངེས་ཅན་ཡོད་པ་དང་གྲུབ་འབྲས་ངེས་ཅན་བླངས། རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་ཡུན་ཧུང་ཝེ་ཡིས་རྒྱལ་ཁབ་ཀྱི་ལྗང་མདོག་དངུལ་རྩའི་གསར་གཏོད་ཚོད་ལྟ་ཁུལ་འཛུགས་པར་རེ་ཞུའི་འདོན་རྒྱུའི་གྲོས་གཞི་བཏོན།

གྲོས་གཞིའི་ནང་། རང་ཞིང་གིས་ནན་ཏན་སྒོས་ཡིག་ཐོག་སྙན་ཞུ་ཕུལ་རྒྱུ་ཡིན་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཀྲུང་གོ་མི་དམངས་སྤྱིའི་དངུལ་ཁང་གིས་ཞིང་ཆེན་ཡོངས་དང་ཡང་ན་གྲོང་ཁྱེར་དང་ཁུལ་སྐོར་ཞིག་ལྗང་མདོག་དངུལ་རྩའི་བཅོས་བསྒྱུར་གསར་གཏོད་ཚོད་ལྟ་ཁུལ་དུ་འགྱུར་བར་ཆོག་མཆན་འགོད་རྒྱུའི་རེ་བ་བཅངས་ཡོད། རྒྱལ་ཁང་ལྗང་མདོག་དངུལ་རྩའི་བཅོས་བསྒྱུར་གསར་གཏོད་ཚོད་ལྟ་ཁུལ་གྱི་སྒྲོམ་གཞིའི་འོག རང་ཞིང་གིས་ལྗང་མདོག་དངུལ་རྩ་འཕེལ་རྒྱས་སུ་གཏོང་བའི་རྩ་འཛུགས་མ་ལག་སྐྱེད་སྲིང་བྱེད་པ་དང་ལྗང་མདོག་དངུལ་ཁང་མ་ལག་འཛུགས་པ། ལྗང་མདོག་ཡིད་རྟོན་དངུལ་བུན་དང་འགན་ལེན་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། ལྗང་མདོག་དངུལ་རྩའི་ཉེན་ཁ་འགོག་ཟོན་ཐག་གཅོད་རྐྱེན་སྲོལ་འཛུགས་པ་སོགས་ཀྱི་བྱ་བཟང་བོར་སྤེལ་རྒྱུ་ཡིན། རང་ཞིང་གིས་དགོས་མཁོ་དངོས་ལ་སྔར་ལས་ཟུང་འབྲེལ་བྱེད་པ་དང་། རང་བྱུང་ཐོན་ཁུངས་དང་སྐྱེ་ཁམས་གོ་གནས་སོགས་ཀྱི་ཞིབ་བསྡུར་དགེ་མཚན་འདོན་སྤེལ་བྱས་ནས། དངུལ་རྩའི་ལས་ཁུངས་ཀྱིས་ལྗང་མདོག་དངུལ་རྩའི་ཐོན་རྫས་དང་ཞབས་ཞུ། ཡོ་བྱད་གསར་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་གཏོང་རྒྱུ་ཡིན། ཚོད་ལྟ་ཁུལ་ནང་ཁུལ་ནས་ལྗང་མདོག་ཡིད་རྟོན་དངུལ་བུན་དང་ཐཱན་དངུལ་རྩ་སོགས་གསར་གཏོད་ཚོད་ལྟ་རབ་དང་རིམ་པ་སྤེལ་བ་དང་། གཟིགས་སྐྱོང་དངུལ་བུན་གྱི་སྐྱེད་ཀ་དང་མཚོ་སྔོན་གྱི་ཁེ་ལས་ཚོང་རར་འདོན་པ་དང་སྒོ་བྱང་འགེལ་བའི་ལྗང་མདོག་བགྲོད་ལམ་ལག་བསྟར་བྱེད་པའི་ཕྱོགས་ནས་སྲིད་ཇུས་ཀྱི་རྒྱབ་སྐྱོར་འདོན་སྤྲོད་བྱེད་པ། ལྗང་མདོག་ཞབས་ཞུའི་མ་ལག་རྒྱུན་མ་ཆད་པར་འཐུས་ཚང་དུ་གཏོང་བ་བརྒྱུད་དེ། རང་ཞིང་གི་ཐོན་ལས་ཚུལ་སྒྱུར་རིམ་སྤོར་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། དཔལ་འབྱོར་སྤྱི་ཚོགས་དང་སྐྱེ་ཁམས་དཔལ་ཡོན་མཐུན་སྦྱོར་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་ནས། མཇུག་མཐར་ཁྱད་ཆོས་མངོན་གསལ་ལྡན་པའི་མཚོ་སྔོན་གྱི་ལྗང་མདོག་དངུལ་རྩ་འཕེལ་རྒྱས་ཀྱི་མ་དཔེ་དང་ཉམས་མྱོང་གྲུབ་པར་བྱེད་རྒྱུ་ཡིན་ཞེས་བསྟན་ཡོད།  །

 
རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།