ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་འཐུས་ཚབ་ཚོགས་པས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་ལ་གྲོས་ཞིབ་བྱས།

ཡོང་ཁུངས། : གངས་ལྗོངས་མེ་ལོང་།     སྤེལ་དུས། : 2024-03-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས8ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པར་ཞུགས་པའི་མཚོ་སྔོན་འཐུས་ཚབ་ཚོགས་པས་ཚང་འཛོམས་གྲོས་ཚོགས་བསྡུས་ནས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་ལ་གྲོས་ཞིབ་བྱས། ལིའུ་ཆི་ཧྥན་གྱིས་གཏམ་བཤད་པ་དང་། ཝང་ལིས་མེན་གྱིས་འགོ་འཛིན་གནང་བར་མ་ཟད་གཏམ་བཤད། ཝང་དབྱང་གིས་གཏམ་བཤད། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཏིས་ཆིན་ཡུན་གྱིས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ནས་འཐུས་མིའི་བསམ་འཆར་དང་གྲོས་གཞི་ལ་ཉན།

འཐུས་མི་ལིའུ་ཆི་ཧྥན་གྱིས་བཤད་རྒྱུར། ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ནས་ཕུལ་བའི་བྱ་བའི་སྙན་ཞུའི་ནང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་དམངས་ཆེན་བྱ་བར་སྤྱི་འདོམས་བྱེད་པའི་ཁ་ཕྱོགས་ཆེན་པོ་དང་། རྩ་དོན་ཆེན་མོ། གནས་ལུགས་ཆེན་པོ་བཅས་ཀྱི་ཐོག་ནས་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཆབ་སྲིད་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་པ་དང་། 2023ལོའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བར་དངོས་ཐོག་བདེན་འཚོལ་ངང་སྤྱི་སྡོམ་བྱས་ཏེ་ལྷག་པའི་ཧེ་བག་དང་མི་འདང་བའི་ཆ་རིག་པ་དྭངས་གསལ་ངང་བསྟན་པ་དང་། 2024ལོའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྤྱིའི་བླང་བྱ་དང་ལས་འགན་གཙོ་བོ་ཚན་རིག་དང་མཐུན་པར་བཏོན་ཡོད་ལ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་རོགས་འདེགས་བྱེད་པའི་སྙན་ཞུ་ཞིག་རེད། ཡོངས་སུ་མོས་མཐུན་ཡོད། འདས་པའི་ལོ་གཅིག་གི་རིང་ལ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྩ་ཁྲིམས་ཀྱི་དབང་གྲགས་དང་ཟིལ་ཤུགས་སྲུང་སྐྱོང་བྱ་རྒྱུ་རྩ་བར་བཟུང་སྟེ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ཆུ་ཚད་ཁྱོན་ཡོངས་ནས་ཇེ་མཐོར་གཏོང་བ་དང་། ཁྲིམས་བཟོའི་སྤུས་ཚད་མཐོ་རུ་གཏོང་རྒྱུ་དེ་འགག་རྩ་རུ་བརྩིས་ནས་ཁྲིམས་བཟང་བཅོས་སྐྱོང་བྱེད་པའི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་། བཅའ་ཁྲིམས་ཀྱི་ལྟ་སྐུལ་ལག་བསྟར་བྱ་རྒྱུ་རྒྱུན་རྣམ་དུ་བརྩིས་ནས་ཐབས་ཇུས་དོན་འཁྱོལ་བྱེད་པའི་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་བཏང་། འཐུས་མིའི་བྱ་བར་ཤུགས་སྣོན་རྒྱག་རྒྱུ་རྨང་གཞིར་བྱས་ཏེ་དམངས་ཆེན་འཐུས་མིས་འགན་འཁྲི་སྒྲུབ་པའི་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་བཏང་། བྱ་བ་སོ་སོ་ལྟེ་བར་དམིགས་པ་དང་། ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱེད་པ། གསར་གཏོད་གསར་སྐྲུན་བཅས་བྱས་ནས་རིམ་པ་སོ་སོའི་དམངས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་དཔེ་བཟང་སྣེ་ཁྲིད་དང་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ཡོད།

འཐུས་མི་ཝང་ལིས་མེན་གྱིས་བཤད་རྒྱུར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་དམངས་ཆེན་བྱ་བར་ཁྲིད་སྟོན་བྱ་རྒྱུ་མཐའ་འཁྱོངས་ཀྱིས་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ལག་ལེན་གཏིང་ཟབ་བྱས་ནས“ལས་ཁུངས་བཞིར”སྐུལ་འདེད་ཤུགས་ཆེན་བཏང་བས། ཆབ་སྲིད་ཀྱི་ལངས་གནས་མཐོ་ཞིང་རྒྱང་རིང་བ་དང་། དམངས་ཀྱི་ཆེད་དུ་འགན་འཁྲི་བསྒྲུབས་པ་དངོས་གཉེར་དང་། རྩོམ་སྲོལ་དྲང་གཞག་བབ་ཆགས་ཡིན་ལ། བརྗོད་བྱ་གཙོ་བོ་དང་གཙོ་རྐང་མངོན་གསལ་དོད་པོ་ཡིན་པས། ཆབ་སྲིད་ཀྱི་ཁ་ཕྱོགས་ཧ་ཅང་བརྟན་པོ་ཡིན། འགན་འཁྲི་གཙོ་བོ་དང་གཙོ་འགན་མངོན་གསལ་དོད་པོ་ཡིན་པས་བྱ་བའི་ངེས་གནས་ཧ་ཅང་གནད་འཁེལ་ཡིན། རྩ་ཁྲིམས་དང་ཁྲིམས་ལྟར་དུ་བསྒྲུབ་པ་མངོན་གསལ་དོད་པོ་ཡིན་པས་ཁྲིམས་སྐྱོང་གི་འགན་འཁྲི་ཧ་ཅང་གསལ་པོ་ཡིན། དམངས་གཙོ་དང་དམངས་ཚིས་མངོན་གསལ་དོད་པོ་ཡིན་པས་འཐུས་མི་རྣམས་ལ་ཞབས་འདེགས་ཞུ་རྒྱུ་ཧ་ཅང་གནད་འཁེལ་ཡིན། གཟབ་ནན་དང་དྲང་གཞག་མངོན་གསལ་ཡིན་པ་དང་། རང་ངོས་འཛུགས་སྐྲུན་བྱེད་པར་ཉམས་སད་ཐེག་ཐུབ་པས། དམངས་ཆེན་ལམ་ལུགས་ཀྱི་ཆབ་སྲིད་དགེ་མཚན་མངོན་གསལ་སྒོས་མཚོན་ཡོད་པས། དེ་ནི་འགོ་ཚུགས་ས་གསར་པར་གཞི་ཚུགས་པ་དང་། བྱས་རྗེས་གསར་པ་འཇོག་པ། རྣམ་པ་གསར་པ་གཏོད་པ་བཅས་ཀྱི་སྙན་ཞུ་ཡག་པོ་ཞིག་རེད། གྲོས་གཞི་བཏོན་དོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ས་གནས་དམངས་ཆེན་ལ་མཛུབ་ཁྲིད་བྱེད་རྒྱུར་སྔར་ལས་ཤུགས་སྣོན་བརྒྱག་པ་དང་། ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་རྒྱུར་སྐུལ་འདེད་གཏོང་དགོས། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་བཙུགས་ནས་ལོ་ངོ70འཁོར་བ་གོ་སྐབས་སུ་བཟུང་ནས་སློབ་སྦྱོང་དང་བརྗེ་རེས་བྱེད་པ་དང་། དམིགས་སའི་རང་བཞིན་ཡོད་པའི་སྒོ་ནས་གསོ་སྦྱོང་དང་སློབ་སྦྱོང་བྱ་རྒྱུ་འབུར་དུ་ཐོན་པར་བྱེད་པ། ཁྱད་པར་དུ་དབུས་ནུབ་རྒྱུད་ས་ཁུལ་གྱི་གཞི་རིམ་དམངས་ཆེན་ལ་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས།

འཐུས་མིས་ཝང་དབྱང་གིས་བཤད་རྒྱུར། འདས་ཟིན་པའི་ལོ་གཅིག་གི་ནང་། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཆབ་སྲིད་ཀྱི་འགན་འཁྲི་དང་། ཁྲིམས་སྐྱོང་གི་འགན་འཁྲི། དམངས་ཆེན་གྱི་འགན་འཁྲི་བཅས་མཐའ་གཅིག་ཏུ་འཁུར་ནས་ཁྲིམས་སྐྱོང་འགན་ལེན་གཏིང་ཟབ་ཡོད་པ་དང་། ཐོག་མཐའ་བར་གསུམ་དུ་མི་དམངས་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་བྱས་ཏེ་དམངས་ཚིས་དོ་ཁུར་ལ་ལན་ཧུར་ཐག་བཏབ་ནས་དམངས་ལ་དྲོ་སྐྱིད་སྦྱིན་ཡོད། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དམངས་ཆེན་ལ་སྤྲད་པའི་ལྟ་སྐུལ་གྱི་འགན་དབང་ཡག་པོ་སྤྱོད་པ་དང་། ཁྲིམས་ལྟར་ལྟ་སྐུལ་ཚད་མཐོན་པོ་བྱས་ཡོད། ཏང་གི་འགོ་ཁྲིད་དང་། མི་དམངས་རང་ཁྱིམ་རང་བདག་བྱེད་པ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་གཅིག་གྱུར་དམ་ཟབ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་བརྒྱུད་རིམ་ཧྲིལ་པོར་མི་དམངས་དམངས་གཙོ་བྱེད་རྒྱ་ཆེ་རུ་བཏང་ཡོད། ཆབ་སྲིད་འཛུགས་སྐྲུན་གྱིས་སྤྱི་འདོམས་བྱས་ཏེ“ལས་ཁུངས་བཞིར”འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ཡོད། སྙན་ཞུའི་ཆབ་སྲིད་ཀྱི་ལངས་གནས་མཐོ་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཏང་གི་འགོ་ཁྲིད་དེ་དམངས་ཆེན་བྱ་བའི་ཕྱོགས་སོ་སོ་དང་བརྒྱུད་རིམ་ཧྲིལ་པོར་རང་རྟོགས་ངང་ཁྱབ་པར་བྱས་ནས་ཚད་མཐོའི་བསམ་བློའི་རང་རྟོགས་དང་ཆབ་སྲིད་ཀྱི་རང་རྟོགས་མཚོན་ཡོད། བྱ་བའི་བཀྲག་མདངས་འཚེར་ས་མང་པོ་ཡོད་ཅིང་། ཕྱོགས་དྲུག་གི་ཐད་ནས་ལོ་གཅིག་རིང་གི་གྲུབ་འབྲས་གཙོ་བོ་ཕྱི་རོལ་ཡུལ་དང་མཐུན་པའི་སྒོ་ནས་ཕྱོགས་སྡོམ་བྱས་པ་དང་། རྒྱལ་ཡོངས་དམངས་ཆེན་སྐབས་གསར་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགན་འཁྲི་ཏན་ཏིག་ངང་སྒྲུབ་པའི་གྲུབ་འབྲས་དང་། ལས་འགན་དང་འགན་འཁྲི་འཁུར་སེམས་ཆེན་པོ་མངོན་ཡོད། འཆར་འགོད་ཀྱི་བསམ་ཕྱོགས་གསལ་བོ་ཡིན་པ་དང་། གོ་རིམ་རྗེས་མའི་བྱ་བར་བཀོད་སྒྲིག་བྱ་རྒྱུ་དེ་མང་ཚོགས་ཀྱི་རེ་འདུན་གསར་པ་དང་འཚམ་ཞིང་། དཀྱིལ་སྙིང་ལ་དམིགས་པ་དང་། ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བའི་བྱ་བའི་ཁྲིད་ཕྱོགས་མཚོན་ཡོད་པས་ཡོངས་སུ་མོས་མཐུན་ཡོད། 

འཐུས་མི་ལིའུ་གོ་ཆང་དང་། ལིས་ཀའོ། ཏིས་ཆིན་ཡུན། རིན་ཆེན་བཀྲ་ཤིས། ལིའུ་ཞའོ་རུང་། ཞུས་ཆིན་མེན་བཅས་ཀྱིས་གཏམ་བཤད་སྤེལ།  །

 
རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།