ཀྲུང་གོ་བོད་ཀྱི་དྲ་བ།

ཚའེ་ཆི་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2024-03-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཟླ3པའི་ཚེས7ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཚའེ་ཆི་མཚོ་སྔོན་འཐུས་ཚབ་ཚོགས་པའི་འཐུས་མི་རྣམས་དང་མཉམ་དུ་གྲོས་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས7ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཚའེ་ཆི་མཚོ་སྔོན་འཐུས་ཚབ་ཚོགས་པར་ཕེབས་པ་དང་། འཐུས་མི་རྣམས་དང་མཉམ་དུ་གྲོས་ཞིབ་བྱས།

ཁྲེན་ཀང་གིས་མགོ་འཛིན་མཛད་པ་དང་། ཝུའུ་ཞའོ་ཅུན་དང་ཝང་ལི་མིང་། ཆའོ་ཡ་ཆུན། ཝང་ཧྭ་ཅེ་སོགས་འཐུས་མིས་སྔ་རྗེས་སུ་གཏམ་བཤད། ཚའེ་ཆིས་བསམ་འཆར་ལ་ནན་ཏན་གྱིས་གསན་པ་དང་། འཐུས་མི་ཚོ་དང་མཉམ་དུ་གླེང་མོལ་མཛད། ཚའེ་ཆིས་ཙུང་ལི་ལི་ཆང་གིས་ཕུལ་བའི་སྲིད་གཞུང་བྱ་བའི་སྙན་ཞུ་ལས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕུན་སུམ་ཚོགས་པར་མངོན་པ་དང་། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ཀྱང་མངོན་ཡོད་པས། སྙན་ཞུ་འདིར་མཐའ་གཅིག་ཏུ་མོས་མཐུན་ཡོད་པའི་དགོངས་ཚུལ་བསྟན།

ཚའེ་ཆིས། འདས་པའི་ལོ་གཅིག་ནི་སྤྱིར་བཏང་མ་ཡིན་པའི་ལོ་གཅིག་ཡིན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ལ་བརྟེན་ནས་སེམས་ཤུགས་གཅིག་ཏུ་བསྡུས་པ། རྒྱལ་ནང་རྒྱལ་སྤྱིའི་ཆེ་ཕྱོགས་གཉིས་ལ་སྤྱི་འདོམས་བྱས་པ། དཀའ་ངལ་འགྲན་སློང་མང་པོ་ལས་རྣམ་པར་རྒྱལ་ཏེ། དམིགས་འབེན་ལས་འགན་གཙོ་བོ་ཕུན་སུམ་ཚོགས་པའི་ངང་ལེགས་འགྲུབ་བྱས། གྲུབ་འབྲུས་ནི་ལས་སླ་མོས་ཐོབ་པ་མ་ཡིན་ཏེ། རྩ་བའི་ཆ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལམ་ཁྲིད་དེད་དཔོན་མཛད་པར་རེག་ལས་ཡོད་ལ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱིས་ཚན་རིག་དང་མཐུན་པའི་སྣེ་ཁྲིད་ལའང་རེག་ལས་ཡོད། ང་ཚོས“གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། “འདུ་ཤེས་བཞི”ཆེར་སྐྱེད་པ་དང“ཡིད་ཆེས་བཞི”བརྟན་པོར་འཛུགས་པ། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པར་བྱེད་པ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་མཐུན་སྒྲིལ་དམ་པོ་བྱས་ཏེ། ཁ་ཆར་བུ་ཡུག་གི་འགོག་རྐྱེན་བརྒལ་ནས་མདུན་དུ་སྐྱོད་དགོས་པའི་དགོངས་ཚུལ་བསྟན།

ཚའེ་ཆིས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་ནི། བགྲོད་ལམ་གསར་པའི་ཐོག་གི་ང་ཚོའི་ཏང་གི་ལྟེ་བའི་ལས་འགན་ཡིན་པས། ལས་དོན་ཁག་ལྟེ་བའི་ལས་འགན་ལ་ཕྱོགས་དགོས། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་ཡང་དག་པ། ཕྱོགས་ཡོངས་ནས་ལག་ཏུ་བསྟར་བ། ཡུལ་བསྟུན་ཇུས་བསྟར་སྒོས་སྤུས་ཚད་གསར་པའི་ཐོན་སྐྱེད་ནུས་པ་འཕེལ་རྒྱས་བཏང་སྟེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ཁྲོད་བསམ་པའི་དཔལ་ཡོན་འཛུགས་སྐྱོང་ལེགས་པར་འཛིན་པ་ལ་ཁྱད་པར་དུ་མཐོང་ཆེན་བྱེད་པ་དང་། དཔལ་ཡོན་གཉིས་མཉམ་དུ་འཛིན་པ། ལག་པ་གཉིས་སྟོབས་ཡོད་པར་བྱེད་པ། མི་དམངས་མང་ཚོགས་ལ་སྔར་ལས་མང་བའི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་ཡོད་པར་བྱས་ཏེ། རྔམ་བརྗིད་ལྡན་པའི་འཆར་འགོད་དེ་གོམ་པ་རེ་རེ་སྒོས་མཛེས་སྡུག་ལྡན་པའི་དངོས་ཡོད་དུ་བསྒྱུར་དགོས་པའི་དགོངས་ཚུལ་བསྟན།

ཚའེ་ཆིས། འདས་པའི་ལོ་གཅིག་གི་མཚོ་སྔོན་གྱི་ལས་དོན་ཐད་འཕེལ་འགྲོས་གསར་པ་བླངས་པར་གདེང་འཇོག་གང་ལེགས་མཛད་ཅིང་། མཚོ་སྔོན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་ལས་དོན་ཐད་ཀྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་པ་ལག་བསྟར་ཟབ་མོ་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་འགན་ཐོག་མ་འདི་ཁོང་དུ་དམ་པོར་ཆུད་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ཐོག་མུ་མཐུད་དུ་གྲུབ་འབྲས་གསར་པ་ལེན་དགོས། “ཆེ་ཤོས་གསུམ”གྱི་ཞིང་ཆེན་གྱི་གནས་ཚུལ་ངེས་གནས་དང“སྔར་ལས་གལ་ཆེ་བ་གསུམ”གྱི་འཐབ་ཇུས་གོ་གནས་ལ་རྐང་འཛུགས་པ། རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་ཐང་བྱེ་མ་བཅས་གཞི་གཅིག་ཅན་སྲུང་སྐྱོང་དང་རྒྱུད་ཁོངས་བཅོས་སྐྱོང་རྒྱུན་འཁྱོངས་བྱེད་པ། སྐྱེ་ཁམས་རྒྱུད་ཁོངས་གལ་ཆེན་སྲུང་སྐྱོང་དང་ཞིག་གསོ་ལ་ཤུགས་བསྣན་ཏེ། རྒྱལ་ཁབ་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་བརྟན་པོར་རྩིག་དགོས།  དུས་རབས་གསར་པའི་ནུབ་རྒྱུད་དར་སྤེལ་ཆེན་མོ་སོགས་འཐབ་ཇུས་གོ་སྐབས་འཛིན་ཐུབ་པར་བྱེད་པ་དང་། ཐོན་ལས་ཀྱི“གནས་བཞིས”དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་ལ་སྣེ་ཁྲིད་པ། ལྗང་མདོག་ཚུལ་སྒྱུར་ཇེ་མགྱོགས་སུ་གཏོང་བ། གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། མཚོ་སྔོན་གྱི་ཁྱད་ཆོས་ཡོད་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་དགོས། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་རྒྱ་ཁྱབ་ཏུ་ལག་བསྟར་བྱེད་པ་དང་། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོར་ཤུགས་སྣོན་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བསྐྱེད་དེ། མི་རིགས་སོ་སོ་འགྲོ་འོང་དང་བརྗེ་རེས། མཉམ་འདྲེས་ལ་སྐུལ་འདེད་གཏོང་དགོས། རིགས་སོ་སོའི་མང་ཚོགས་ཀྱི་བསམ་པའི་རིག་གནས་ཀྱི་དགོས་མཁོ་མུ་མཐུད་དུ་སྐོང་བ་དང་། ལས་བྱེད་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་བསྣན་ཏེ། ཏང་ཡོན་ལས་བྱེད་ལ་ཡང་དག་པའི་སྲིད་བྱས་ལྟ་བ་ཆགས་པར་སྣེ་ཁྲིད་དགོས། ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ལ་བརྟེན་ནས་གཞི་རིམ་བཅོས་སྐྱོང་རྒྱུན་འཁྱོངས་བྱེད་པ་དང་། ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་ཆེན་པོས་གཞི་རིམ་གྱི་འགན་ཁུར་ཇེ་ཡང་དུ་བཏང་སྟེ། གཞི་རིམ་ལས་བྱེད་པའི་སེམས་ཤུགས་སྔར་ལས་མང་པོ་མང་ཚོགས་ལ་ཞབས་ཞུ་སྒྲུབ་པ་དང་དངོས་འབེབས་འཛིན་པའི་ཐོག་འཇོག་ཐུབ་པར་བྱེད་དགོས་པའི་ཐུགས་རེ་བཏོན།

ཝུའུ་ཞའོ་ཅུན་གྱིས། འཆར་གཞི་དང་སྔོན་རྩིས་སྙན་ཞུ་དང་འཆར་ཟིན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དམིགས་འབེན་ལས་འགན་ལ་སྐུལ་འདེད་གཏོང་བར་དམ་དུ་སྦྲེལ་བ། སྲིད་གཞུང་བྱ་བའི་སྙན་ཞུ་དང་གཅིག་རྒྱུད་གཅིག་འཛིན་དང་སྐྱེ་ལྡན་སྦྲེལ་མཐུད་བྱས་ཡོད་ལ། གཞི་གྲངས་ལ་བརྟེན་པ་དང་དངོས་དོན་བདེན་དཔང་གཙིགས་སུ་བཟུང་བ། སྔར་ལས་ལྷག་པར་དངོས་གཉེར་ཅན་དང་ཞིབ་ཆ་ཅན། བྱེ་བྲག་ཅན་དུ་བཏང་སྟེ། ལས་དོན་ལས་འགན་ཁག་ཕྱོགས་ཡོངས་ནས་ལེགས་སྒྲུབ་བྱེད་པར་སྟོབས་དང་ལྡན་པའི་སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་མ་དངུལ་གྱི་འགན་ལེན་འདོན་སྤྲོད་བྱས་ཡོད་པས། མཐའ་གཅིག་ཏུ་མོས་མཐུན་ཡོད། ང་ཚོས་གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་རྒྱུ་དང་། “འདུ་ཤེས་བཞི”ཆེར་སྐྱེད་པ་དང“ཡིད་ཆེད་བཞི”བརྟན་པོར་འཛུགས་པ། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པར་བྱེད་པ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་ལ་དམིགས་པ། སྔར་ལས་འཚོལ་སྙེག་མཐོན་པོ་དང་སྔར་ལས་ཚད་གཞི་མཐོན་པོར་བརྟེན་ནས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་དང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་། སྐྱེ་ཁམས་རིན་ཐང་མངོན་འགྱུར་བཅས་ལ་སྐུལ་འདེད་གཏོང་བ། “ཀྲུང་ཧྭའི་ཆུ་མཛོད”ཀྱི་བདག་སྐྱོང་པ་བློ་བརྟན་འགྱུར་མེད་ཀྱིས་བྱེད་པ། མཐོ་སྒང་གི་ཐོན་ཁུངས་ནུས་ཁུངས་དགེ་མཚན་སྔར་ལས་ལེགས་པར་འདོན་པ། ཡུལ་བསྟུན་ཇུས་བསྟར་སྒོས་སྤུས་ཚད་གསར་པའི་ཐོན་སྐྱེད་ནུས་པ་མྱུར་ཏུ་འཕེལ་རྒྱུས་གཏོང་བ། འཕེལ་རྒྱས་ཁྲོད་དམངས་འཚོ་འགན་ལེན་ཆུ་ཚད་བརྟན་བརླིང་སྒོས་མཐོར་འདེགས་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་གསར་སྐྲུན་ཟབ་མོ་སྤེལ་བ། སྔར་ལས་ཆུ་ཚད་མཐོ་བའི་བདེ་འཇགས་ལ་སྐུལ་འདེད་གཏོང་བར་སྤྱི་འདོམས་བྱས་ཏེ། ཡུལ་ཁོངས་གཅིག་ལ་གཟི་འོད་སྣོན་པར་མ་ཟད་སྤྱི་ཡོངས་ལའང་ངོ་མཚར་སྐྱེད་པ་སྒྲུབ་ཐུབ་པར་བྱ་རྒྱུ་ཡིན་ཞེས་གསུངས།

ཝང་ལི་མིང་གིས། འཆར་གཞི་དང་སྔོན་རྩིས་སྙན་ཞུ་དང་འཆར་ཟིན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་ཡོད་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དངོས་འབེབས་བྱས་པ། 2023ལོར་གནད་སྨོན་ནུས་ལྡན་གྱི་སྲིད་ཇུས་བཀོད་སྒྲིག་དང་ལས་གཞི་འདེགས་སྐྱོར། མ་དངུལ་འགན་ལེན་བཅས་བྱས་པ། 2024ལོའི་སྲིད་གཞུང་བྱ་བའི་སྙན་ཞུའི་གཙོ་གནད་ལས་འགན་ཁག་ལ་བྱེ་བྲག་དང་རིགས་ལམ་གསལ་བའི་དངོས་འབེབས་བྱེད་ཐབས་བཏོན་པ། བརྟན་ཐོག་ཡར་འཕེལ་དང་འཕེལ་བསྟུན་བརླིང་སྐུལ། སྔོན་འཛུགས་རྗེས་གཏོར་བཅས་ཀྱི་བླང་བྱ་ཕུན་སུམ་ཚོགས་པར་མངོན་ཡོད་པས། མཐའ་གཅིག་ཏུ་མོས་མཐུན་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཅང་སུའུ་འཐུབ་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་ཟབ་མོ་བྱེད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཐོག་མའི་ལས་འགན་འདི་ཁོང་དུ་དམ་པོར་ཆུད་པ། ཡུལ་བསྟུན་ཇུས་བསྟར་གྱིས་སྤུས་ཚད་གསར་པའི་ཐོན་སྐྱེད་ནུས་པ་མྱུར་ཏུ་འཕེལ་རྒྱས་གཏོང་བ། སྐྱེ་ཁམས་དཔལ་ཡོན་ཁྲིམས་སྐྱོང་འཛུགས་སྐྲུན་ལ་མྱུར་ཏུ་སྐུལ་འདེད་གཏོང་བ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་སྐྲུན་པ་དང་ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་ལ་དམིགས་པ། སྤུས་ཚད་མཐོ་བའི་ཁྲིམས་འཛུགས་དང་ཆུ་ཚད་མཐོ་བའི་ལྟ་རྟོག ཚད་གཞི་མཐོ་བའི་འཐུས་མིའི་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ། ཐཱན་ཕབ་དང་སྦགས་འཕྲི། ལྗང་སྐྱེད། གོང་འཕེལ་བཅས་ལ་མཐུན་སྦྱོར་སྐུལ་འདེད་བཏང་ནས། མི་དང་རང་བྱུང་྇ཁམས་འཆམ་མཐུན་མཉམ་གནས་ཀྱི་རབ་མཛེས་ཀྲུང་གོ་མངོན་འགྱུར་བྱེད་པར་མཚོ་སྔོན་གྱི་སྟོབས་ཤུགས་སྐྱེས་སུ་དབུལ་རྒྱུ་ཡིན་ཞེས་བཤད། །

 
རྩོམ་སྒྲིག་པ། : གསང་བདག་རྒྱལ།