ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་ཡོན་མ་ཡུའེ་ཞང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་ལ་བརྟན་རླིང་ངང་སྐུལ་འདེད་གཏོང་དགོས་པའི་བསམ་འཆར་བཏོན།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2024-03-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན། རྒྱལ་ཁབ་ཀྱིས་ཐོག་མཐའ་བར་གསུམ་དུ་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་དེ་དུས་རབས་གསར་པའི་མི་རིགས་བྱ་བའི་གཙོ་ཐིག་ཏུ་བཟུང་སྟེ། ཏང་ཨུས་གཅིག་གྱུར་མག་ོཁྲིད་དང་སྲིད་གཞུང་གིས་ཁྲིམས་ལྟར་བཅོས་སྐྱོང་། འཐབ་ཕྱོགས་གཅིག་གྱུར་སྡེ་ཁག་གིས་སྣེ་ཁྲིད་མཐུན་སྦྱོར། མི་རིགས་བྱ་བའི་སྡེ་ཁག་གིས་ཁག་ཁུར་འགན་སྒྲུབ། སྡེ་ཁག་སོ་སོས་མཐུན་སྒྲིལ་མཉམ་ལས། སྤྱི་ཚོགས་ཡོངས་མཉམ་ཞུགས་བྱེད་པའི་དུས་རབས་གསར་པའི་མི་རིགས་བྱ་བའི་རྣམ་པ་ཆགས་པར་བྱས་ཡོད། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་མ་ཡུའེ་ཞང་གིས། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་བཏང་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས་པའི་བསམ་འཆར་བཏོན།

མ་ཡུའེ་ཞང་གིས་མི་རིགས་ལས་དོན་དེ་ཕྱོགས་སོ་སོར་ཁྱབ་ཡོད་པ་དང་། ཕྱོགས་སོ་སོར་མི་རིགས་ཀྱི་ལས་དོན་སྒྲུབ་དགོས་པར་བསམ་ཡོད། རིམ་པ་སོ་སོའི་སྲིད་གཞུང་གིས་མི་རིགས་ལས་དོན་དེ་ཏང་འཛུགས་དང་འདུ་ཤེས་རྣམ་པའི་བྱ་བའི་འགན་འཁྲི་ལམ་ལུགས་དཔྱད་ཞིབ་ཁྲོད་བཞག་སྟེ། མཉམ་དུ་དམ་འཛིན་དང་དོ་དམ་བྱེད་པའི་མཉམ་ཤུགས་ཆགས་ཡོད་པ་དང་། དུས་རབས་གསར་པའི་མི་རིགས་ལས་དོན་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་བར་སྲ་ཞིང་བརྟན་པའི་ཆབ་སྲིད་ཀྱི་འགན་སྲུང་འདོན་སྤྲོད་བྱས་ཡོད།

མ་ཡུའེ་ཞང་གིས། གྲངས་ཉུང་མི་རིགས་མི་གྲངས་ཀྱི་བསྡུར་ཚད་ཉུང་བའི་ས་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་གསར་འཛུགས་བྱ་བར་ཤུགས་བསྣན་ནས། གྲངས་ཉུང་མི་རིགས་མང་ཚོགས་ཀྱི་བྱིས་པ་ཉེ་སར་སློབ་གྲྭར་འགྲིམ་པ་དང་ལས་ཞུགས་མཛུབ་སྟོན། སྨན་བཅོས་འགན་སྲུང་སོགས་ཀྱི་དགོས་མཁོ་ཐག་གཅོད་བྱེད་དགོས་པའི་དུས་མཚུངས་སུ་དམངས་ཡོངས་ཀྱི་ཁྱབ་ཁོངས་སུ་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་གསར་འཛུགས་བྱ་བ་སྤེལ་བར་དོ་སྣང་བྱེད་དགོས། གཙོ་གནད་ཁྱུ་ཚོགས་ཀྱི་དྲིལ་སྒྲོག་སློབ་གསོར་ཤུགས་བསྣན་ཏེ། ཆུང་བྱིས་པ་ནས་དམ་འཛིན་བྱེད་དགོས་པ་མ་ཟད་སློབ་གྲྭ་ཆེ་འབྲིང་ཁག་དང་ཁེ་ལས་ལས་དོན་ལས་ཁུངས། རྒྱལ་ཁབ་ལས་ཁུངས་སོགས་སྡེ་ཁག་ཏུ་དུས་མཉམ་དུ་སྤེལ་དགོས་ལ། ཚོགས་སྤྱི་མི་འདྲ་བའི་ཁྱད་ཆོས་དང་སློབ་གསོའི་ཆུ་ཚད་མི་འདྲ་བར་གཞིགས་ཏེ་བསླབ་གཞི་དང་ཀློག་དེབ་དཔར་སྒྲིག་བྱེད་དགོས། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་རིགས་སོ་སོའི་རྟེན་གཞི་མ་ལག་ཅན་གྱི་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་ནས། རྒྱལ་ཁབ་རིམ་པའི་ངོས་ཐད་དང་ཆ་རྐྱེན་ལྡན་པའི་ཞིང་ཆེན་དང་གྲོང་ཁྱེར་ལྗོངས་བཅས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་ཆེད་མཁས་པའི་རིག་མཛོད་འཛུགས་པ་དང་། གྲོས་སྡུར་བྱ་གཞིའི་ཞིབ་འཇུག་ལས་གཞི་འཛུགས་དགོས་པ་མ་ཟད་དུས་ལྟར་ཞིབ་འཇུག་གྲུབ་འབྲས་གཞན་སྒྱུར་ལ་སྐུལ་འདེད་གཏོང་དགོས་པའི་བསམ་འཆར་བཏོན། །

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།