ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས2ཉིན། གསར་འགོད་པས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་རུའེ་ཐེ་སྣུམ་སྙིགས་མཉམ་བསྲེས་ས་ཚིགས་ནས་མཐོང་བ་ལྟར་ན། ཕྱི་རོལ་དུ་ཕུང་གསོག་བྱས་པའི་བྱེ་རྡོ་ལ་རྡུལ་འགོག་དྲ་བ་སྤྱད་དེ་གསོག་ཉར་བྱས་པ་དང་། ཆུ་གཏོར་རླངས་འཁོར་གྱིས་ཆུ་གཏོར་ནས་ཐལ་རྡུལ་བཀག་འགོག་བྱས་ཡོད་ཅིང་། མང་ཚོགས་ཀྱིས་བཏོན་པའི་གནད་དོན་སྔ་མོ་ནས་དག་ཐེར་ཡོ་བསྲང་བྱས་ཟིན། མཚོ་བྱང་རུའེ་ཐེ་འགྲིམ་འགྲུལ་འཕེལ་རྒྱས་ཚད་ཡོད་ཀུང་སིའི་ལས་མི་ཀུའོ་ཧྥུ་ཧྲི་ཡིས“སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་བྱ་རྒྱུ་ནི་འདོར་ཐབས་མེད་པའི་འགན་འཁྲི་ཞིག་ཡིན་པས་ང་ཚོས་ནུས་ཤུགས་ཡོད་རྒུས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལྟ་སྐུལ་ཞིབ་བཤེར་ལས་དོན་ལ་རྒྱབ་སྐྱོར་བྱ་ངེས་ཡིན” ཞེས་བཤད།
ན་ནིང་མང་ཚོགས་ཀྱིས་རྐང་ཚ་རྫོང་རུའེ་ཐེ་སྣུམ་སྙིགས་མཉམ་བསྲེས་ས་ཚིགས་ཀྱིས་མཚོ་སྔོན་པོའི་རང་བྱུང་སྲུང་སྐྱོང་ཁུལ་ཁྲིམས་འགལ་ངང་བཀོལ་སྤྱོད་བྱས་པ་དང་། ཕྱིར་འབུད་བྱས་པའི་ཐལ་རྡུལ་གྱིས་མཚོ་སྔོན་པོའི་མཐའ་འཁོར་གྱི་རང་བྱུང་རྩྭ་ཐང་ལ་སྦགས་བཙོག་བཟོས་ཞེས་ཐེར་འདོན་བྱས། རྐང་ཚ་རྫོང་གིས་མྱུར་དུ་དག་ཐེར་ལས་དོན་གྱི་ཆེད་དོན་འཛིན་གྲྭ་བཙུགས་ནས། ཡུལ་དངོས་སུ་ཞིབ་བཤེར་བྱས་རྗེས་ཁོ་ཚོར《ཁྲིམས་འགལ་བྱ་སྤྱོད་ལ་ཡོ་བསྲང་བྱེད་པའི་བརྡ་ཐོ》དུས་ཐོག་ཏུ་བཏང་བ་དང་། རྐང་ཚ་རྫོང་རང་བྱུང་ཐོན་ཁུངས་དང་ནགས་ལས་རྩྭ་ཐང་ཅུའུ། རྫོང་སྐྱེ་ཁམས་ཁོར་ཡུག་ཅུའུ་ཡི་ཆེད་ལས་མི་སྣ་སྒྲིག་འཛུགས་བྱས་ནས་ཁེ་ལས་ཀྱི་འགན་འཁུར་བ་དང་མཉམ་དུ་དུས་ཐོག་ཏུ་བཟོ་གྲྭའི་ཐལ་རྡུལ་གཙང་སེལ་བྱས་ཏེ། རྒྱུ་ཆ་སྨི་རྒྱ་དཔངས་གྲུ་བཞི་མ6400ཙམ་དབོར་འདྲེན་གཙང་བཤེར་བྱས་པ་དང་བཟོ་གྲྭའི་ཁུལ་གྱི་སྨི་ངོས་རྒྱ་དཔངས་གྲུ་མ16000ཙམ་གཙང་བཤེར་བྱས།
ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོགས་ཆུང་ལྔ་པ་མཚོ་སྔོན་ཞིང་ཆེན་དུ་བཅའ་སྡོད་བྱས་པ་ནས་བཟུང་། རྐང་ཚ་རྫོང་གི་གཏེར་རི་དང་ཆུ་མགོ་སོགས་གཙོ་གནད་ས་ཁོངས་སུ་བསྐྱོད་དེ་ཡུལ་དངོས་སུ་ལྟ་ཞིབ་ཐེངས་མང་བྱས་ནས། གནས་པའི་གནད་དོན་དང་མི་འདང་ས་ཐེར་འདོན་བྱས། རྐང་ཚ་རྫོང་གིས་འཕྲིན་བཅར་ལས་དོན་མྱུར་སྒྲུབ་དང་གནས་པའི་གནད་དོན་འཕྲལ་སྒྱུར། རྗེས་མཐུད་ལས་དོན་དམ་འཛིན་ཞིབ་ཚགས་བཅས་བྱས་ནས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་ཁྱོན་ཡོངས་ནས་ཡག་པོ་བསྒྲུབས་ཏེ། ཐེར་འདོན་བྱས་པའི་གནད་དོན་ཚང་མ་མཐའ་གཅིག་ཏུ་འགན་ལེན་བྱས།
ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོགས་ཆུང་གིས་ཐེར་འདོན་བྱས་པའི་གནད་དོན་དག་ཐེར་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་རྨང་གཞིའི་ཐོག རྐང་ཚ་རྫོང་གིས་རང་འགུལ་ངང་བྱ་སྤྱོད་སྤེལ་ནས་ཕྱོགས་གསུམ་པར་ཁོར་ཡུག་སྲུང་སྐྱོང་ཁྱབ་ཁོངས་ཀྱི་གནད་དོན་ལ་མཐིལ་རྟོགས་དང་གྲལ་བཤེར་བྱ་རྒྱུའི་མངགས་བཅོལ་བྱས་ཏེ། གཙོ་གནད་ཁྱབ་ཁོངས་སུ་རྒྱུན་རྣམ་ཅན་གྱི་སྐོར་ཞིབ་ལྟ་སྐུལ་དོ་དམ་ལ་རྒྱུན་མཐུད་ངང་ཤུགས་བསྣན་ནས། མཐའ་གཅིག་ཏུ་རྐང་ཚོ་རྫོང་གི་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་སུ་འགྲོ་བའི་མཐའ་ཚད་བསྲུངས།
“རྐང་ཚ་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚན་ཆུང་གི་ཐེར་འདོན་བྱས་པའི་གནད་དོན་དག་ཐེར་བྱ་རྒྱུ་དེ་མིག་སྔའི་ལས་དོན་གལ་ཆེན་དུ་བརྩིས་ནས། ཆབ་སྲིད་ཀྱི་ལངས་གནས་ཆེ་རུ་གཏོང་བ་དང་འགན་འཁྲི་དོན་འཁྱོལ་ལ་ཤུགས་སྣོན་པ་བཅས་བྱས་ཏེ་ཆོད་སེམས་བརྟན་པོ་དང་རྣམ་འགྱུར་བརྟན་པོ། བྱ་ཐབས་ནུས་ལྡན་བཅས་ཀྱི་སྒོ་ནས་མྱུར་དུ་བཅོས་བསྒྱུར་བྱེད་པ་དང་རྩ་བ་ནས་དག་ཐེར་བྱས་ཏེ་ཕན་འབྲས་དངོས་ཐོན་པར་བྱས། །