ཀྲུང་གོ་བོད་ཀྱི་དྲ་བ།

རྨ་སྟོད་རྫོང་གི་སྡེ་བ་གཉིས་ལ་ཞིང་ཆེན་རིམ་པའི་གྲོང་གསེབ་དར་སྤེལ་གཏོང་བའི་དཔེ་སྟོན་ཚོད་ལྟའི་སྡེ་བ་རུ་བདམས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོ།   སྤེལ་དུས། : 2023-12-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ2023ལོར་མཚོ་སྔོན་ཞིང་ཆེན་གྱི་གྲོང་གསེབ་དར་སྤེལ་གཏོང་བའི་དཔེ་སྟོན་ཚོད་ལྟའི་སྡེ་བའི(བྱ་ཐང)མིང་ཐོ་ཁྱབ་བསྒྲགས་བྱས་པ་དང་།  མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་མཛོ་རྒན་ར་བའི་གྲོང་རྡལ་མཚོ་རུག་སྡེ་བ་དང་རི་ཕྱོར་སྡེ་བ་གཉིས་མིང་ཐོའི་ནང་ཚུད་ཡོད་པ་རེད།  

ཞིང་ཆེན་རིམ་པའི་གྲོང་གསེབ་དར་སྤེལ་གཏོང་བའི་འཐབ་ཇུས་དཔེ་སྟོན་ཚོད་ལྟའི་སྡེ་བ(བྱ་ཡུལ)འཛུགས་སྐྲུན་གྱི་ཕན་འབྲས་ལ་ཁྱོན་ཡོངས་ནས་སྤྱི་སྡོམ་དང་དཔྱད་དཔོག་བྱ་ཆེད།  ད་ལོའི་ཟླ9པའི་ཟླ་སྨད་ནས་ཟླ10པའི་ཟླ་དཀྱིལ་བར་ཞིང་ཆེན་ཏང་ཨུའི་གྲོང་གསེབ་དང་འབྲོག་ཁུལ་ལས་དོན་མགོ་ཁྲིད་ཚན་ཆུང་གིས་མི་སྣ་སྐོང་འཐེན་བྱས་ཏེ་ཚོགས་ཆུང་བཞི་རུ་བགོས་ནས2019ལོ་ནས2021ལོའི་བར་ཞིང་ཆེན་རིམ་པའི་གྲོང་གསེབ་དར་སྤེལ་གཏོང་བའི་དཔེ་སྟོན་ཚོད་ལྟའི་སྡེ་བ(བྱ་ཡུལ)75ཡི་ལས་དོན་སྤེལ་ཚུལ་ལ་མཐའ་མཇུག་གི་དཔྱད་དཔོག་བྱས་པ་མ་ཟད་གྲུབ་འབྲས་བརྡ་ཁྱབ་བཏང་། 

རྨ་སྟོད་རྫོང་ནི་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་རྨ་ཆུའི་འབྱུང་ཁུལ་གྱི་ལྟེ་བའི་གསོ་སྐྱོང་ཁུལ་གྱི་གྲས་སུ་བཞག་ཡོད་པ་དང་།    དུས་ཡུན་རིང་པོའི་ནང་ཕྱུགས་ལས་ནི་རྨ་སྟོད་རྫོང་གི་གཙོ་གནད་ཐོན་ལས་དང་རྨང་གཞིའི་ཐོན་ལས་ཡིན་ལ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་།  གྲོང་གསེབ་དར་སྤེལ་གཏོང་བར་སྐུལ་འདེད་གཏོང་བ།  འབྲོག་པའི་ཡོང་སྒོ་འཕར་སྣོན་བྱེད་པར་བརྟན་བརླིང་དུ་གཏོང་བའི་གཙོ་གནད་ཐོན་ལས་ཡིན། རྨ་སྟོད་རྫོང་མཛོ་རྒན་ར་བའི་གྲོང་རྡལ་རི་ཕྱོར་སྡེ་བ་ནི་ཞིང་ལས་པུའ་ཡི“རྒྱལ་ཡོངས་ཀྱི་སྡེ་བའི་རེ་ལ་དཔེ་སྟོན་རེ་ཞེས་པའི་སྡེ་བ་དང་གྲོང་རྡལ”གྱི་དཔེ་མཚོན་གྲས་ཤིག་ཡིན་པ་དང་།  བོད་ལུག་གསོ་སྤེལ་ལས་རིགས་དེ་གཙོ་གནད་ལས་རིགས་སུ་བརྩི་བཞིན་ཡོད་པ་རེད།   རི་ཕྱོར་སྡེ་བས་གསོ་སྤེལ་བྱས་པའི་བོད་ལུག་གི་སྤུས་ཀ་ལེགས་པ་དང་འཚོ་བཅུད་ཀྱི་རིན་ཐང་མཐོ་བས།  ལྷད་མེད་དྭངས་གཙང་གི་མཐོ་སྒང་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་ཤིག་ཡིན་པ་དང་།  ཐོན་ཁུངས་ཀྱི་ལེགས་ཆ་དང་ས་ཁོངས་ཀྱི་ཁྱད་ཆོས་ཅུང་ཆེན་པོ་ལྡན་པ་མ་ཟད།  ད་དུང“རྨ་སྟོད་བོད་ལུག”གི་ཞིང་ལས་ཐོན་རྫས་ཀྱི་ས་ཁམས་མཚོན་རྟགས་ཡོད་པ་རེད།   དེ་སྔ་བོད་ལུག་ཐོན་ལས་ཁྲོད་དུད་ཁྱིམ་ཁག་བགོས་ནས་གསོ་སྤེལ་བྱེད་པ་དང་ལས་སྣོན་ལེགས་པོ་མི་བྱེད་པ་སོགས་ཀྱི་ཐོན་ལས་རྐྱང་པའི་གྲུབ་ཆ་འགྱུར་ལྡོག་གཏོང་ཆེད།  རི་ཕྱོར་སྡེ་བ་རུ་རི་ཕྱོར་སྡེ་བའི་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་བཙུགས་ནས་ཧུར་ཐག་སྒོས་མ་དངུལ་འཚོལ་ཞིབ་བྱས་པ་མ་ཟད།  སྒོར་ཁྲི230བཏང་སྟེ་བོད་ལུག་ཐོན་ལས་ཅན་གྱི་གསོ་སྤེལ་རྟེན་གཞི་བཙུགས་པ་དང་། སྡེ་བ་ཡོངས་ཀྱི་ཕྱུགས་ལས་ཐོན་སྐྱེད་གཉེར་སྐྱོང་བྱེད་སྟངས་དེ་རགས་ལས་ཅན་ནས་ཞིབ་ལས་ཅན་དུ་གྱུར་ནས་ཕྱུགས་ལས་ཀྱི་ཕན་འབྲས་ཆེ་རུ་སོང་ནས་ཕྱུགས་ལས་ཡོང་སྒོ་ཇེ་མང་དུ་སོང་། 

མཚོ་རུག་སྡེ་བ་ནི་མཛོ་རྒན་ར་བ་གྲོང་རྡལ་གྱི་ལྷོ་ནུབ་རྒྱུད་དུ་ཆགས་ཡོད་ལ།   གྲོང་གསེབ་དར་སྤེལ་གཏོང་བའི་ལས་དོན་ལ་སྐུལ་འདེད་བཏང་ཚུན། མཚོ་རུག་སྡེ་བས་ཁྱད་ལྡན་ཐོན་ལས་སྐྱེད་སྲིང་བྱ་རྒྱུ་དམིགས་ཚད་དུ་བྱས་ནས། སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་སྲིད་གཞུང་གིས་གཙོ་ཁྲིད་བྱེད་པ་དང་།  “འབྲོག་ཁྱིམ་དང་མཉམ་ལས་ཁང་། ཁེ་ལས་དང་གློག་རྡུལ་ཚོང་དོན་ཟུང་དུ་འབྲེལ་བའི”ཐོན་ལས་འཕེལ་རྒྱས་གཏོང་སྟངས་སྤྱད་དེ། ཧུར་ཐག་སྒོས་ཕྱུགས་ལས་ཐོན་ལས་འཕེལ་རྒྱས་བཏང་ཞིང་།   མཚོ་རུག་སྡེ་བ་རུ་བཅའ་སྡོད་བྱས་པའི་ཚན་རྩལ་ཆེད་མངགས་པའི་ལག་རྩལ་མི་སྣས་བོད་ལུག་ཚད་ལྡན་ཅན་གྱི་གསོ་སྤེལ་དོ་དམ་ལག་རྩལ་གཅིག་སྡུད་ཞིབ་འཇུག་དང་དཔེ་སྟོན་ལ་ཁ་ཕྱོགས་ཏེ། འབྲི་གཡག་དང་མ་བུའི་གཞི་གཅིག་ཅན་གྱི་བདེ་ཐང་ཕན་ཁེ་ཆེ་བའི་གསོ་སྤེལ་གྱི་འབྲེལ་ཡོད་ཚོད་ལྟ་དང་།  ཕྱུགས་རྩྭ་འདེབས་འཛུགས།  སོན་བཟང་གདམ་གསེས་ཚོད་ལྟ་བཅས་བྱས་ཏེ་ས་གནས་དེ་གའི་ཚད་ལྡན་ཅན་གྱི་ཕན་ཁེ་ཆེ་བའི་གསོ་སྤེལ་ལག་རྩལ་དང་ཤེས་ལྡན་པ་གསོ་སྐྱོང་བྱ་ཆེད་གནད་སྨིན་ཚན་རྩལ་ཞབས་ཞུ་མཁོ་འདོན་བྱས་པ་དང་།  ལག་རྩལ་ཐད་ཀྱི་དཀའ་གནད་སེལ་བ་དང་།  ཐོན་ལས་འཕེལ་རྒྱས་ཀྱི་ཕན་འབྲས་ཆེ་རུ་གཏོང་བ།  གྲོང་གསེབ་དར་སྤེལ་གཏོང་བ་སོགས་ལ་རོགས་འདེགས་བྱས་པ་རེད།   །

 
རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།