ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་ལྷོས་ལྟ་ཞིབ་དག་ཐེར་ལས་དོན་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རྡོ་རྗེ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2023-12-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ལས་དོན་དེ་སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་གཏོང་བའི་གོ་སྐབས་བཟང་པོ་ཞིག་ཏུ་བརྩིས་ཤིང་།   མི་དམངས་མང་ཚོགས་ཀྱི་ཡིད་ཚིམས་ཚད་དེ་ལྟ་ཞིབ་དག་ཐེར་ལ་སྐུལ་འདེད་གཏོང་བའི་ཚད་གཞི་རུ་བཟུང་པ་དང་། ཆེད་ལས་འཛིན་གྲྭའི་སྟོབས་ཤུགས་གཅིག་ཏུ་བསྡུས་ཏེ་དུས་ཐོག་ཏུ་ལས་དོན་སྒྲུབ་པ་དང་དུས་ཐོག་ཏུ་དག་བཅོས་བྱེད་པ་རྒྱུན་འཁྱོངས་བྱས།  གཟབ་ནན་དང་ཞིབ་ཚགས། དོན་དངོས། མགྱོགས་མྱུར་ངང་ལྟ་ཞིབ་ཀྱི་འཕྲིན་བཅར་ལས་དོན་ལ་སྐུལ་འདེད་བཏང་སྟེ། མང་ཚོགས་ཀྱིས་མཛེས་སྡུག་གི་སྐྱེ་ཁམས་ལ་བཅངས་པའི་ཐོབ་སྣང་དང་སྐྱིད་སྣང་རྒྱུན་ཆད་མེད་པར་ཇེ་མཐོར་བཏང་། 

ཆབ་སྲིད་ཀྱི་སྟེང་ནས་བལྟ་བ་དང་ཆབ་སྲིད་ཀྱི་སྟེང་ནས་སྒྲུབ་པ། ཆབ་སྲིད་ཀྱི་སྟེང་ནས་དག་ཐེར་བྱེད་པ་བཅས་རྒྱུན་འཁྱོངས་བྱས་ཤིང་།  སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི“ཏང་སྲིད་གཉིས་ཀྱིས་འགན་འཁྲི་མཉམ་འཁུར་དང་། ལས་གནས་གཅིག་གིས་འགན་འཁྲི་གཉིས་འཁུར་བ”རྒྱུན་འཁྱོངས་བྱས་ཏེ་གོང་རིམ་གྱིས་འོག་རིམ་ལ་སྣེ་ཁྲིད་ཏེ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་།  མཚོ་ལྷོ་ཁུལ་གྱིས་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་དང་ཁུལ་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ། འཕྲིན་བཅར་གྱི་ཐེར་འདོན་ཡིག་ཆ་གཉེར་སྒྲུབ་གྱི་སྐུལ་སྤེལ་ཚོགས་འདུ། ཁུལ་གྱི་མཐུན་སྦྱོར་ཞབས་ཞུ་འགན་སྲུང་ལས་དོན་གྱི་མགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་བཅས་སྔ་གཞུག་ཏུ་བསྡུས་ཏེ། ལས་དོན་གཙོ་བོ་དག་ཞིབ་ཚགས་ངང་བཀོད་སྒྲིག་བྱས། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་མགོ་ཁྲིད་གཙོ་བོ་འཐབ་ཕྱོགས་དང་པོར་སོང་ནས་གྱོད་གཞི་གལ་ཆེན་ལ་ཆེད་དོན་ལྟ་སྐུལ་སྤྱི་འདོམས་བྱས་པ་དང་། སྔ་གཞུག་ཏུ་གུང་ཧོ་རྫོང་རིག་སྨོན་གྲོང་རྡལ་སྟོང་དབུས་སྡེ་བ་དང་ཆབ་ཆ་གྲོང་རྡལ་གྲོང་མཐའི་ནུབ་ལམ་སོགས་སུ་སོང་ནས་ལྟ་ཞིབ་ཚོགས་ཆུང་གིས་སྤྲད་པའི་འཕྲིནབཅར་གྱི་ཐེར་འདོན་གནས་ཚུལ་ལ་ཞིབ་བཤེར་དང་དག་ཐེར་ལས་དོན་ལ་མཛུབ་སྟོན་བྱས།  

 དུས་ཐོག་ཏུ་རིགས་དབྱེ་ནས་སྒྲུབ་པ་དང་དུས་ཐོག་ཏུ་ཡུལ་དངོས་སུ་ལྟ་ཞིབ་ལ་འགྲོ་བ་རྒྱུན་འཁྱོངས་བྱས་ནས་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་སྐུལ་ཞིབ་བཤེར་ཚོགས་ཆུང་གིས་སྤྲད་པའི་མང་ཚོགས་ཀྱི་འཕྲིན་བཅར་གྱི་ཐེར་འདོན་ཡིག་ཆ་དག་ཤེས་མ་ཐག་དུས་ཐོག་ཏུ་སྒྲུབ་པ་དང་། སྒྲུབ་ཞོར་དང་དག་ཐེར་བྱེད་ཞོར་བྱས།  “དོན་དག་གཅིག་ལ་མགོ་ཁྲིད་གཅིག་དང་། དོན་དག་གཅིག་ལ་ཆེད་དོན་འཛིན་གྲྭ་གཅིག དོན་དག་གཅིག་ལ་ཞིབ་འཇུག་གཅིག  དོན་དག་གཅིག་ལ་དག་ཐེར་ལེགས་བཅོས་གཅིག དག་དག་གཅིག་ལ་ཡིག་ཚགས་གཅིག“བཅས་ཀྱིགཅིག་ཅན་ལྔ“ཡི་བྱ་བའི་སྒྲིག་སྲོལ་དང་དུས་མཉམ་དུ་འགན་འཁྲི་བདའ་འདེད་བྱེད་པའི་སྒྲིག་སྲོལ་བཙུགས་ནས་ཚང་མར་མཉམ་གཅིག་ཏུ་དག་ཐེར་ལེགས་བཅོས་བྱེད་པ་ལ་སྐུལ་འདེད་བཏང་། གུང་ཧོ་རྫོང་གིས་ཉེ་དུས་ཀྱི་འཕྲིན་བཅར་གྱི་ཐེར་འདོན་སྙན་ཞུའི་ནང་གཅིག་སྡུད་ངང་བཏོན་པའི་བྱེ་རྡོ་བརྐུ་བ་དང་། ནགས་ས་དང་རྩྭ་ས་སྒེར་འཛིན་བྱེད་པ།  འཚོ་བའི་གད་སྙིགས་སོགས་ཀྱི་གནད་དོན་ལ་དམིགས་ཏེ། གནད་དོན་བཅོས་སྒྲིག་གི་ལས་དོན་ཡག་པོར་སྒྲུབ་པ་དང་ཆབས་ཅིག  ཤང་དང་གྲོང་རྡལ་སོ་སོ་དང་སྡེ་ཚན་སོ་སོས་རང་ས་ཁོངས་ཀྱི་ཁོར་ཡུག་ལ་གཙང་སྦྲ་བྱེད་ཤུགས་ཇེ་ཆེར་གཏོང་པ་དང་། རྩད་ཞིབ་རྗེས་ཤུལ་འཚོལ་ཞིབ་དང་དུས་བསྟུན་བརྙན་ཕབ་ཞིབ་བསྡུར་སོགས་ཀྱི་བྱེད་ཐབས་སྤྱད་དེ་བྱེ་རྡོ་བརྐུ་བར་ལྟ་ཞིབ་ཚད་ལེན་དང་ལྟ་སྐུལ་དོ་དམ་བྱེད་ཤུགས་ཇེ་ཆེར་བཏང་ནས།  གནད་དོན་གཅིག་བཅོས་སྒྲིག་བྱས་པ་དེས་གནད་དོན་རིགས་གཅིག་ཐག་གཅོད་ཐུབ་པ་ཁག་ཐེག་བྱས།  ཀོས་ནན་རྫོང་གིས“གཙང་གསུམ་ལེགས་གསུམ”ཞེས་པ་དེ་ལས་དོན་གཙོ་བོར་གཏན་འཁེལ་བྱས་ནས་གད་སྙིགས་གཙང་སེལ་དང་བཙོག་ཆུ་གཙང་སེལ། ཆུ་དང་སྤྱོད་ཁང་། ཉེན་ཁ་ཅན་གྱི་ཁང་པ་བསྒྱུར་བཀོད་བྱས་ཏེ་མང་ཚོགས་ལ་མཛེས་སྡུག་དང་བདེ་སྡོད་ཀྱི་འཚོ་བའི་ཁོར་ཡུག་ལེགས་པོ་བསྐྲུན།  

 གོང་རིམ་གྱི་རྨང་གཞིའི་སྟེང་ནས་མཚོ་ལྷོ་ཁུལ་གྱིས“ཆེད་དོན་འཛིན་གྲྭས་འགན་འཁུར་བ་དང་། ཆེད་དོན་པས་ཞིབ་བཤེར། ཆེད་དོན་པས་རྗེས་སྙེག་བྱེད་པ”བཅས་ཀྱི་ལས་ཀའི་སྒྲིག་སྲོལ་ལག་བསྟར་བྱས་ཤིང་།  དང་ལེན་དང་བརྒྱུད་སྤྲོད། ཞིབ་བསྡུར། གོང་ཞུ། ཞིབ་བཤེར། ཐག་གཅོད་བཅས་ཀྱི“གོ་རིམ་དྲུག”གི་བྱ་བའི་བྱེད་ཐབས་བཙུགས།   རྫོང་སོ་སོས་རང་ཁོངས་གཏོགས་ཀྱི་དོ་དམ་རྩ་དོན་ལྟར་ཚད་ལྡན་དང་གཟབ་ནན། ཁྱོན་ཡོངས་བཅས་ཀྱིས་ཞིབ་བཤེར་བདེན་དཔང་བྱས་ཤིང་། ལས་ཆོད་མཐོ་ཞིང་མགྱོགས་མྱུར་གྱིས་ཁྲིམས་དང་སྒྲིག་སྲོལ་ལྟར་ཐག་གཅོད་བྱས་ཏེ་འཕྲིན་བཅར་གྱི་གྱོད་གཞི་སྒྲུབ་གཉེར་ལས་དོན་ནུས་ལྡན་དང་གོ་རིམ་ལྡན་པའི་ངང་ལེགས་པོར་བསྒྲུབས།  ཁུལ་ཐད་གཏོགས་ཀྱི་འབྲེལ་ཡོད་སྡེ་ཚན་སོ་སོས་ཧུར་ཐག་གིས་དཔང་རྟགས་མཁོ་འདོན་བྱས་པ་དང་། རང་འགུལ་ངང་ཁྲིམས་འཛིན་བརྟག་དཔྱད་ནང་ཞུགས་པ། ནུས་ཤུགས་ཡོད་རྒུས་འཕྲིན་བཅར་ཐག་གཅོད་བྱ་རྒྱུར་གཞོགས་འདེགས་བྱས་པས་ཡུན་ཕན་ལྟ་སྐུལ་དོ་དམ་མངོན་འགྱུར་བྱུང་།  ཟླ12པའི་ཚེས10ཉིན་བར། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་སྐུལ་ཞིབ་བཤེར་ཚོགས་ཆུང་གིས་མཚོ་ལྷོ་ཁུལ་ལ་འཕྲིན་བཅར་སྐོར་ཐེངས11སྤྲད་པ་དེར་བསྡོམས་པས་གྱོད་དོན27ཡོད་ལ།  དེའི་ཁྲོད་ནས་གཙོ་གནད་ཐོག་དོ་ཁུར་བྱེད་པའི་གྱོད་དོན9ཡོད་ཅིང་།  དེའི་ནང་དུ་སྐྱེ་ཁམས་ལ་གཏོར་བརླག་བྱས་པའི་གྱོད་དོན13དང་། ས་རྒྱུའི་སྦགས་བཙོག་གི་གྱོད་དོན4། རླུང་ཁམས་ཆེན་མོའི་སྦགས་བཙོག་གྱོད་དོན4། སྦགས་བཙོག་གྱོད་དོན3། འཛེར་སྒྲའི་སྦགས་བཙོག་གྱོད་དོན1། སྦགས་བཙོག་གཞན་དག་གི་གྱོད་དོན2བཅས་ཡོད། མིག་སྔར་ཁུལ་རིམ་པས་གྱོད་དོན14(གྱོད་དོན8ཡོངས་བསྒྲགས་བྱས)ཐག་གཅོད་བྱས་པ་དང་གྱོད་དོན13སྒྲུབ་བཞིན་པའི་སྒང་རེད།  བསྡོམས་པས་ཁེ་ལས9ལ་ཆད་པ་བཅད་པ་དང་སྒོར་ཁྲི5.3གྱི་ཆད་པ་བཅད།  །


 
རྩོམ་སྒྲིག་པ། : རྡོ་རྗེ་སྐྱིད།