ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས6ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཁྲེན་ཀང་ཟི་ལིང་གྲོང་ཁྱེར་མཁར་དཀྱིལ་ས་ཁུལ་དང་སྐུ་འབུམ་ས་ཁུལ་དུ་ཕེབས་ནས། ཀྲུང་དབྱང་སྐྱེ་ཁམས་ཁོར་སྲུང་ལྟ་ཞིབ་ལ་འཕྲིན་བཅར་ཞུ་གཏུག་བྱས་པའི་དོན་ཚན་དག་ཐེར་ཡོ་བསྲང་ལས་དོན་ལ་ལྟ་ཁྲིད་གནང་ཞིང་། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་སློབ་སྦྱོང་ལག་བསྟར་ཟབ་མོ་བྱེད་པ་དང་། ཀྲུང་དབྱང་སྐྱེ་ཁམས་ཁོར་སྲུང་ལྟ་ཞིབ་ཀྱི་དོན་སྙིང་གལ་ཆེན་ལ་ངེས་ཤེས་ཟབ་མོ་འདྲོངས་པ། རྩ་ལག་མཉམ་བཅོས་ལ་མཐོང་ཆེན་བྱེད་པ་དང་འགན་འཁྲི་དངོས་འབེབས་ཇེ་དྲག་ཏུ་གཏོང་བ། ཕྱོགས་ཡོངས་དང་རྩ་བ་ནས་དག་ཐེར་ཡོ་བསྲང་བྱེད་པ། ལྟ་ཞིབ་ཚན་ཆུང་གིས་སྒྲུབ་པར་སྤྲད་པའི་དོན་དག་ཁག་ཆད་ལུས་མེད་པར་དངོས་འབེབས་བྱས་ཏེ། མང་ཚོགས་ཀྱིས་ཡར་ཞུ་མང་བའི་སྐྱེ་ཁམས་ཁོར་ཡུག་གི་འབུར་ཐོན་གནད་དོན་ངེས་པ་དོན་གྱིས་ཐག་གཅོད་ལེགས་པོ་བྱེད་དགོས།
མཁར་དཀྱིལ་ས་ཁུལ་ནན་ཡོའུ་རི་བཀྲ་ཤིས་དར་རྒྱས་གཡོས་འཁོར་ས་ཚིགས་ཀྱི་རྡུལ་ཟེགས་ཚབས་ཆེ་བ་དང་འཛེར་སྒྲས་དམངས་སུན་པོ་བཟོས་པ་དེ། ཉེ་སྔོན་མང་ཚོགས་ཀྱི་ཀྲུང་དབྱང་སྐྱེ་ཁམས་ཁོར་སྲུང་ལྟ་ཞིབ་ཚན་ཆུང་ལ་ཞུ་གཏུག་བྱས། “རྡུལ་ཟེགས་ལ་ཚོད་འཛིན་དང་རྡུལ་མི་ལངས་པའི་བཟོ་རྩལ་གསར་པ་དང་ལག་རྩལ་གསར་པ་ཅི་ཞིག་ཡོད་དམ།” “འཛེར་སྒྲ་ནི་གཙོ་བོ་ཐོན་སྐྱེད་གོ་རིམ་ལས་བྱུང་ངམ་སྐྱེལ་འདྲེན་གོ་རིམ་ལས་བྱུང་།” ཁྲེན་ཀང་གིས་གཡོས་འཁོར་ས་ཚིགས་ཡུལ་དངོས་སུ་འཕྲུལ་ཆས་ཅན་གྱི་ཐོན་སྐྱེད་གོ་རིམ་དང་རྡུལ་གནོན་རླན་གཏོར་སྒྲིག་ཆས། འཁོར་སྒྲིག་སྟེགས་བུ་སོགས་ལ་གཟིགས་ཞིབ་མཛད་པ་དང་། གནད་དོན་གྱི་འབྱུང་རྐྱེན་དང་ཁོར་སྲུང་སྒྲིག་ཆས་འཁོར་སྐྱོད། དག་ཐེར་ཡོ་བསྲང་བྱེད་ཐབས་བཅས་ལ་རྒྱུས་ལོན་ཞིབ་མོ་གནང་སྟེ། ཁེ་ལས་ཀྱིས་ཁོར་སྲུང་བཅའ་ཁྲིམས་དང་སྒྲིག་ལམ་གཟབ་ནན་གྱིས་བརྩི་བ་དང་། ལས་གཉེར་གྱི་དུས་ཚོད་ཚད་ལྡན་དུ་གཏོང་བ། ཚན་རིག་དང་མཐུན་པའི་དོ་དམ་བེད་སྤྱོད་བྱེད་ཐབས་སྤྱོད་པ། ཐོན་སྐྱེད་གོ་རིམ་ཁྲོད་ཀྱི་ཁོར་ཡུག་སྦགས་བཙོག་གནད་དོན་མྱུར་ཏུ་ཐག་བཅད་ཏེ། དཔལ་འབྱོར་ཁེ་ཕན་ཁོ་ནའི་ཆེད་དུ་ཁོར་སྲུང་གནད་དོན་སྣང་མེད་དུ་འཇོག་མི་རུང་། འབྲེལ་ཡོད་སྡེ་ཁག་གིས་སྐོར་ཞིབ་ལྟ་རྟོག་དོ་དམ་ལ་ཤུགས་སྣོན་པ་དང་ལས་དོན་བྱེད་ཐབས་དངོས་འབེབས་བྱས་ནས། གནད་དོན་མྱུར་ཏུ་དག་ཐེར་ཡོ་བསྲང་བྱས་ནས་ཚད་ལ་བསླེབ་པར་ཁག་ཐེག་བྱེད་དགོས་པའི་བླང་བྱ་བཏོན།
སྐུ་འབུམ་ས་ཁུལ་གྲོང་གསར་གོང་མ་གྲོང་རྡལ་འགག་སྒོ་ཞོལ་མ་སྡེ་བ་དང་འགག་སྒོ་གོང་མ་སྡེ་བ་རུ། ཁྲེན་ཀང་གིས་མང་ཚོགས་ཀྱིས་ཡར་ཞུ་བྱས་པའི་གད་སྙིགས་གང་འདོད་དུ་འཕེན་པ་དང་ལྦུ་སོབ་ལས་སྣོན་འཛེར་སྒྲས་དམངས་སུན་པོ་བཟོས་པ་སོགས་ཀྱི་གནད་དོན་ལ་འདྲི་རྟོགས་ཞིབ་མོ་མཛད་ནས། མཁར་ཤང་འདྲེས་མཚམས་སོགས་གཙོ་གནད་ཡུལ་ཁོངས་ཀྱི་ཁོར་ཡུག་བཅོས་སྐྱོང་མུ་མཐུད་དུ་ལེགས་པར་འཛིན་པ་དང་། སྲ་གཟུགས་བེད་མེད་གྲུབ་ཆ་བརྟག་འཇལ་མྱུར་ཏུ་སྤེལ་བ། གད་སྙིགས་ཀྱི་དོན་དངོས་གྲངས་ཀ་མྱུར་ཏུ་གཏན་འབེབས་བྱེད་པ། བརྟག་འཇལ་མཇུག་འབྲས་གཞིར་བཟུང་ནས་གཏན་འབེབས་དང་མཐུན་པར་ཐད་སྙིགས་ཐག་གཅོད་བྱེད་པ། ཁུངས་འཚོལ་བརྟག་དཔྱད་བརྒྱུད་ནས་ཁྲིམས་དང་སྒྲིག་ལམ་ལྟར་དུ་ཁྲིམས་འགལ་གནད་དོན་ཐག་གཅོད་དགོས། གཅིག་ཤེས་ཀུན་གྲོལ་སྒོས“ཐོར་ཟིང་བཙོག”གི་ཁེ་ལས་མཐའ་གཅིག་ཏུ་བཅོས་སྒྲིག་བྱེད་པ། ཁེ་ལས་ལ་སྣེ་ཁྲིད་ནས་ཐོན་ནུས་རྗེས་ལུས་དོར་བ། འཕེལ་རྒྱས་རྣམ་པ་རིགས་སྒྱུར་ཇེ་མགྱོགས་སུ་གཏོང་བ། འབྱུང་ཁུངས་ཐོག་སྐྱེ་ཁམས་ཁོར་སྲུང་ཉེན་ཁ་དང་བདེ་འཇགས་ཐོན་སྐྱེད་ཀྱི་ཉེན་ཁར་ཚོད་འཛིན་བྱས་ཏེ། སྦགས་བཙོག་འགོག་བཅོས་འགག་སྒྲོལ་དམག་འཐབ་མུ་མཐུད་དུ་གཏིང་ཟབ་མོས་ལེགས་པར་རྒྱག་དགོས་པའི་བླང་བྱ་བཏོན།
ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་ཟི་ལིང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ཝང་ཝའེ་ཏུང་ལྟ་ཁྲིད་ལ་མཉམ་དུ་བསྐྱོད། ཁོས་ཟི་ལིང་གྲོང་ཁྱེར་ཏང་ཨུ་དང་སྲིད་གཞུང་གིས་འགན་འཁྲི་ཕྲག་ཏུ་ལེན་པ་དང་དག་ཐེར་ཡོ་བསྲང་མཐའ་གཅིག་ཏུ་བྱེད་པ། ཕྱི་ཡུལ་གྱི་འབྱུང་རྐྱེན་ནན་བཤད་མི་བྱེད་པ། ཁ་གཡོར་ས་མི་འཚོལ་བ། དུས་ཚོད་དང་པོའི་ནང་འགུལ་སྐྱོད་ཡོད་པ་དང་བྱེད་ཐབས་ཡོད་པ། ཕན་འབྲས་ཡོད་པ་སྒྲུབ་ཐུབ་པར་བྱེད་པ། དག་ཐེར་ཡོ་བསྲང་ལས་དོན་ལ་ཤུགས་ཡོད་པ་དང་འགྲོས་ཡོད་པ། དྲོད་ཡོད་པར་བྱེད་པ། སྐྱེ་ཁམས་ཁོར་སྲུང་ལས་དོན་འགན་སྲུང་བཟུང་བ་མི་འདང་བ་དང་དག་ཐེར་ཡོ་བསྲང་བཟུང་བ་མི་འདང་བའི་ལས་བྱེད་པར་འགན་འདྲི་འགན་འདེད་ནན་མོ་བྱེད་པ། རིམ་ས་པོ་སོའི་ལས་བྱེད་པས་འགན་འཁྲི་ཁྲག་ཏུ་བརྟན་པོར་འཁུར་དུ་འཇུག་པ། གཞན་དབང་རང་དབང་དུ་བསྒྱུར་བ། སྐྱེ་ཁམས་ཁོར་ཡུག་གི་ལས་དོན་ཁག་ལ་སྔར་ལས་ལེགས་པར་ཕན་འབྲས་ལེན་པར་སྐུལ་འདེད་བཏང་ནས། “མི་དམངས་བློ་ཡིད་ཚིམ་པའི”བར་དུ་ངེས་པ་དོན་གྱིས་དངོས་འབེབས་དངོས་གཉེར་བྱ་རྒྱུ་ཡིན་པའི་བསམ་ཚུལ་བསྟན།
ཀྲུའུ་ཞང་ཧྥེང་མཉམ་དུ་ལྟ་ཁྲིད་ལ་ཞུགས། །