ཀྲུང་གོ་བོད་ཀྱི་དྲ་བ།

སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གིས་གྲོང་ཚོའི་རྣམ་པ་བསྒྱུར།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : སངས་རྒྱས་སྐྱབས་ཀྱིས་བསྒྱུར།   སྤེལ་དུས། : 2023-12-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

དགུན་དུས་ཀྱི་ཨན་ཁང་གྲོང་ཚོའི་ཁོར་ཡུག་གཙང་ལ་གྲལ་དག་པ་ཞིག་ཡིན། གྲོང་ཚོའི་ནང་གི་གཙང་སྦྲ་བྱེད་མཁན་ཁྲེན་ཏ་མེས་ནམ་རྒྱུན་གཟའ་པ་སངས་ཉིན་དུས་ལྟར་གཙང་སྦྲ་བྱེད་མཁན་གཞན་གསུམ་དང་མཉམ་དུ་གྲོང་ཚོར་གཙང་སྦྲ་བྱེད་བཞིན་ཡོད། གྲོང་ཚོའི་ནང་གི་ཁོར་ཡུག་གི་འགྱུར་ལྡོག་ཁོ་མོར་ཤིན་ཏུ་རྒྱུས་མངའ་ཆེ་བ་སྟེ།“ད་ཆ་གྲོང་ཚོའི་ནང་གང་བྱུང་དུ་གཡུག་པའི་གད་སྙིགས་མཐོང་རྒྱུ་མི་འདུག་ལ་ཁོར་ཡུག་མཛེས་པར་གྱུར་པས་ཀུན་གྱིས་སེམས་པ་དགའ་ལྷང་ལྷང་དུ་འདུག”ཅེས་བཤད། ཉེ་སྔོན། ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་སྐུལ་ཞིབ་བཤེར་ཚོ་ཆུང་ལྔ་པ་མཚོ་སྔོན་དུ་བཅའ་སྡོད་བྱས་པ་ཐོས་འཕྲལ་ཁྲེན་ཏ་མེ་སེམས་གཏིང་ནས་དགའ་ཚོར་ཆེན་པོ་བྱུང་བ་སྟེ། མོས“ཉིན་འདི་འགར་གྲོང་མི་ཚོས་གནས་ཚུལ་དེ་གླེང་བཞིན་འདུག །ཚང་མས་ལྟ་ཞིབ་ཚོ་ཆུང་ཕེབས་པར་དགའ་བསུ་ཞུ་བཞིན་ཡོད་ལ་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ནི་མི་དམངས་ལ་ཕན་པ་དངོས་ཐོབ་པའི་བྱ་བ་བཟང་པོ་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་འདུག”ཅེས་བཤད། 

ཟླ12པའི་ཚེས1ཉིན། གསར་འགོད་པ་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གཏེར་ལེན་ཁ་གྲོང་ཁྱེར་ཁོལ་ཁོ་གྲོང་རྡལ་ཨན་ཁང་གྲོང་ཚོར་སྐྱོད་སྐབས་རྒྱ་ཆེ་ཞིང་གྲལ་དག་པའི་སྣུམ་ལམ་ཡུལ་མི་ཚོའི་ཁྱིམ་ཚང་གི་སྒོ་འགྲམ་དུ་བཏོད་ཡོད་པ་མཐོང་ཐུབ་པ་དང་། ཁྱིམ་ཚང་མཐའ་དག་གི་ཁང་པའི་མདུན་རྒྱབ་ཀུན་ཏུ་གཙང་སྦྲ་ལེགས་པོ་བྱས་ཤིང་རྒན་རྒོན་ཚོས་ཕྲུ་གུ་ཁྲིད་དེ་བག་ཕེབས་ངང་འཆམ་འཆམ་བྱེད་ཅིང་གྲོང་མི་ཚོས་བདེ་སྐྱིད་ལྡན་པའི་ངང་སྐྱེ་ཁམས་ཁོར་ཡུག་ལེགས་སུ་བཏང་བ་ལས་བྱུང་བའི་ཕན་བདེ་ལོངས་སུ་སྤྱོད་བཞིན་ཡོད་པ་རེད།  

སྐྱེ་ཁམས་ཁོར་ཡུག་བཟང་པོ་ནི་ཀུན་ལ་ཕན་པའི་དམངས་འཚོའི་ལོངས་སྤྱོད་ཡིན། “སྔོན་ཆད་གྲོང་ཚོར་གཙང་སྦྲ་བྱེད་མཁན་སྒྲིག་འཛུགས་བྱེད་སྐབས་ཁྱིམ་ཚང་རེ་རེར་འབོད་དགོས།ད་ལྟ་དེ་འདྲ་མིན་པར་གྲོང་ཚོའི་ཁོར་ཡུག་ལ་འགྱུར་ལྡོག་ཆེན་པོ་བྱུང་ནས་སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་ཕྱིན་པ་དེས་ཚང་མས་ཉེ་འགྲམ་གྱི་འགྱུར་ལྡོག་ཚོར་ནས་ཧུར་སེམས་ཀྱང་སྔར་བས་ཆེ་རུ་ཕྱིན་ཡོད”ཅེས་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཀྲོའུ་ཐུང་ཧྲོའུ་ཡིས་དེ་ལྟར་བཤད། 

ང་ཚོ་ཀྲོའུ་ཐུང་ཧྲོའུ་ཡི་རྗེས་དེད་ནས་གྲོང་ཚོའི་ཉེ་འགྲམ་གྱི་བཙོག་ཆུ་གཙང་སེལ་ས་ཚིགས་ཤིག་ཏུ་འབྱོར། “སྔོན་ཆད། གྲོང་ཚོའི་ནང་གི་གོས་འཁྲུད་དང་གསང་སྤྱོད་ཀྱི་བཙོག་ཆུ་ཚང་མ་ཐད་ཀར་བཙོག་ཆུའི་སྦུ་གུ་ནས་ཕུད་པ་ཡིན།ད་ལྟ་གཙང་སེལ་ས་ཚིགས་འདི་ཡོད་པས་འཁོར་སྐྱོད་བེད་སྤྱོད་ཐུབ་པ་དང་གཙང་སེལ་བྱས་པའི་ཆུ་དེ་ད་དུང་ནགས་སར་གཏོང་ཆོག་པའི་ཐག་གཅོད་བྱས་ཡོད”ཅེས་བཤད། ཀྲོའུ་ཐུང་ཧྲོའུ་ཡིས་གསར་འགོད་པར་ད་ལྟ་ཨན་ཁང་གྲོང་ཚོའི་ཕྱི་ཚུལ་མཛེས་པ་མ་ཟད།དོན་དུའང་མཛེས་པོ་ཡོད་པར་བཤད།

གྲོང་གསེབ་ཀྱི་བཙོག་ཆུ་གཙང་བཅོས་བྱ་རྒྱུ་ནི་གྲོང་གསེབ་ཀྱི་མིའི་འཚོ་གནས་ཁོར་ཡུག་ལེགས་བཅོས་བྱ་རྒྱུའི་གནད་འགག་ཡིན། ད་ལོའི་ཟླ་ལྔ་པར་གཏེར་ལེན་ཁ་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཅུའུ་ཡིས་ལས་དོན་ཚོ་ཆུང་མངགས་ནས་ཨན་ཁང་དང་།ཤིས་ཐན།ཏུང་ཧྲེང་།ལེན་ཧུའུ་སོགས་གྲོང་ཚོའི་གྲོང་གསེབ་ཀྱི་འཚོ་བའི་བཙོག་ཆུ་གཙང་སེལ་ས་ཚིགས་ཀྱི་སྒྲིག་བཀོད་འཁོར་སྐྱོད་གནས་ཚུལ་ལ་ཞིབ་བཤེར་དང་བརྟག་ཞིབ་བྱས་ནས་ཞིབ་བཤེར་བྱེད་རིང་ཤེས་རྟོགས་བྱུང་བའི་གནད་དོན་ལ་དག་ཐེར་བྱེད་པའི་བསམ་འཆར་བཏོན་པ་རེད། 

“གྲོང་ཚོའི་ནང་གི་བཙོག་ཆུ་ཕྱིར་འབུད་ཁྲོན་པ་རྡིབ་པ་དང་། བཙོག་ཆུ་དང་འདམ་རྫབ་འགྲོ་ལམ་དང་གྲོང་མིའི་ཁྱིམ་དུ་ཟགས་ནས་གྲོང་མིའི་འཚོ་བར་དཀའ་ངལ་བཟོས་ཡོད” ཀྲོའུ་ཐུང་ཧྲོའུ་ཡིས་སྐབས་དེར་གྲོང་ཚོའི་ཨུ་ལྷན་གྱིས་ལས་དོན་ཚོ་ཆུང་ལ་སྙན་སེང་ཞུས་རྗེས་གྲོང་ཁྱེར་ནས་འཕྲལ་དུ་མི་མངགས་ནས་གྲོང་ཚོའི་བཙོག་ཆུ་ཕྱིར་འབུད་ཁྲོན་པ24ལ་ཉམས་གསོ་བྱས་པས་གྲོང་མིའི་རྒྱུན་གཏན་གྱི་འཚོ་བ་སླར་གསོ་ཐུབ་སོང་ཞེས་བཤད། 

གྲོང་ཚོའི་རྣམ་པ་དེ“ཉོག་འཛིང་ཞན་གསུམ”ནས“གཙང་ཞིང་གྲལ་དག་པ”ཞིག་ཏུ་གྱུར་པ་དང་གྲོང་གསེབ་ཀྱི་འཚོ་བའི་བཙོག་ཆུ་ཚན་རིག་དང་མཐུན་པའི་ངང་གཙང་སེལ་ཐུབ་ཡོད། ཨན་ཁང་གྲོང་ཚོའི་སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་ཕྱིན་པ་དེའི་ཐོག་ནས་གཏེར་ལེན་ཁ་གྲོང་ཁྱེར་གྱི་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་གི་བསམ་ཚུལ་ལ་འགྱུར་ལྡོག་བྱུང་ཡོད་པ་མཚོན། 

གཏེར་ལེན་ཁ་གྲོང་ཁྱེར་དང་གྲོང་གསེབ་འབྲེལ་མཐུད་ཀྱི་བར་བརྒལ་དུ་གནས་པའི་ཧོང་ཀོང་གྲོང་ཚོར་ཉེ་བའི་ལོ་ཤས་ནང་མཛེས་སྡུག་གི་གྲོང་གསེབ་དང་གྲོང་གསེབ་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་བྱ་སྤྱོད་སོགས་ཀྱི་རྣམ་གྲངས་ལག་བསྟར་བྱས་པས་གྲོང་ཚོའི་ཁོར་ཡུག་ལེགས་ནས་ལེགས་སུ་ཕྱིན་ཅིང་། གྲོང་མིས་མེ་ཏོག་དང་རྩི་ཤིང་བཏབ་ནས་ཞིང་ཁྱིམ་སྤྲོ་སྐྱིད་གླིང་དང་ཞིང་རའི་ཕྱོགས་བསྡུས་སྒྲིག་གཞི་བསྐྲུན་པས་ཉེ་འཁོར་གྱི་གྲོང་མི་སྔར་བས་མང་པོའི་ཡིད་དབང་བཀུག་ནས་སྤྲོ་གསེང་ཡུལ་སྐོར་དུ་ཡོང་གིན་ཡོད། 

“ཉེ་བའི་ལོ་ཤས་རིང་། སྐྱེ་ཁམས་ཁོར་ཡུག་ཉིན་རེ་བཞིན་ཇེ་ལེགས་སུ་ཕྱིན་ནས་གྲོང་མིའི་འཚོ་བའི་སྤུས་ཚད་མཐོ་རུ་ཕྱིན་པ་མ་ཟད།ད་དུང་གྲོང་ཚོར་འཕེལ་རྒྱས་ཀྱི་གོ་སྐབས་སྣ་ཚོགས་བསྐྲུན་ཡོད” གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་ལིའུ་སི་ཅུན་གྱིས་སྐྱེ་ཁམས་འཕེལ་རྒྱས་ཀྱི་རྨང་གཞི་ལེགས་པོ་བཏིང་བས་ད་ཆ་སྐྱེ་ཁམས་ཡུལ་སྐོར་ལ་བརྟེན་ནས་གྲོང་མིར་ཕྱུག་འགྱུར་གྱི་ལམ་བུ་བཏོད་ཡོད་ཅེས་བཤད། ད་ཆའི་ཧོང་ཀོང་གྲོང་ཚོའི་ཁོར་ཡུག་གི་ལེགས་ཆ་བཟང་པོར་བརྟེན་ནས་སྤྲོ་གསེང་རོལ་རྩེད་ཡུལ་སྐོར་གཞི་གཅིག་ཅན་གྱི་སྐྱེ་ཁམས་ཞིང་སྡེའི་ཕྱོགས་བསྡུས་རྣམ་པ་ཞིག་གྲུབ་འབྲས་ལྡན་པའི་ངང་བཏོད་ཡོད་ཅེས་བཤད། 

2017ལོ་ནས་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོ་ཆུང་བདུན་པས་མཚོ་སྔོན་ཞིང་ཆེན་དུ་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་བྱས་པ་ནས་བཟུང་། གཏེར་ལེན་ཁ་གྲོང་ཁྱེར་གྱིས་དམངས་ཀྱི་བསམ་འདུན་དང་བསྟུན་ནས་ནུས་ཤུགས་ཡོད་རྒུས་རོང་འབྲོག་ཁུལ་གྱི་མིའི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་ལ་སྐུལ་འདེད་བཏང་བ་དང་།“ལྟ་སྐུལ”གྱིས་བཅོས་སྒྲིག་ལ་སྐུལ་འདེད་གཏོང་བ།“ལྟ་སྐུལ”གྱིས་བྱ་སྤྱོད་ལ་སྐུལ་འདེད་གཏོང་བ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་བཅོས་སྐྱོང་བྱེད་པ་དེ་དམངས་ཀྱི་བསམ་ཚུལ་དང་དམངས་ཀྱི་འཚོ་བ་ཇེ་ལེགས་སུ་གཏོང་བའི“གྲུ་རྡོ”ལ་བརྩིས་ནས་མི་དམངས་མང་ཚོགས་ལ་དངོས་གནས་དྲང་གནས་ཀྱི་འཚོ་བའི་ཕན་བདེ་བསྐྲུན་ཡོད་པ་རེད།  །

 
རྩོམ་སྒྲིག་པ། : སངས་རྒྱས་སྐྱབས།