ཀྲུང་གོ་བོད་ཀྱི་དྲ་བ།

ཁྲེན་ཀང་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་དང་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་བྱ་བར་རྟོག་ཞིབ་བྱས་པར་མ་ཟད་བཞུགས་མོལ་ཚོགས་འདུ་བསྡུས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2023-11-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲེན་ཀང་གིས་ཟླ11པའི་ཚེས16ཉིན་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་དང་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་བྱ་བར་རྟོག་ཞིབ་བྱས་པར་མ་ཟད་བཞུགས་མོལ་ཚོགས་འདུ་བསྡུས། ཁོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་དགོངས་པ་གལ་ཆེན་ལ་ཆ་ཚང་ཞིང་ཡང་དག་ལ་ཕྱོགས་ཡོངས་ནས་གོ་བ་ཟབ་མོ་ལེན་པ་དང་། ཕན་ནུས་ལྡན་པའི་སྒོ་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་བཏང་སྟེ། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཞིང་ཆེན་གསར་སྐྲུན་བྱེད་པར་བྱས་རྗེས་བཞག་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་ཁུར་ཟབ་མོ་དང་ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱི་རེ་སྒུག་སྟོང་ཟད་དུ་གཏོང་མི་རུང་ཞེས་ནན་གྱིས་བསྟན།

ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་རྟོག་ཞིབ་ལ་ཞུགས་པར་མ་ཟད་བཞུགས་མོལ་ཚོགས་འདུའི་སྟེང་གཏམ་བཤད་པ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་པད་ཁོ་རྟོག་ཞིབ་ལ་ཞུགས་པར་མ་ཟད་བཞུགས་མོལ་ཚོགས་འདུར་མགོ་འཛིན་བྱས། ཞིང་ཆེན་གྱི་མགོ་ཁྲིད་པ་ཝང་ཝེ་ཏུང་དང་། ཀྲུའུ་ཞང་ཧྥུན། དབྱང་ཀྲི་ཝུན་བཅས་རྟོག་ཞིབ་དང་བཞུགས་མོལ་ལ་ཞུགས།

ཉིན་དེར་ཁྲེན་ཀང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་ཞིབ་འཇུག་རྟེན་གཞི་དང་། མཚོ་སྔོན་ཞིང་ཆེན་གཙང་གསུམ་མི་རིགས་སློབ་འབྲིང་། ཟི་ལིང་གྲོང་ཁྱེར་མཁར་ནུབ་ཁུལ་ཞིན་ཧེ་ལམ་གྱི་སྲང་ལམ་དོན་གཅོད་ཁང་། མཁར་ཤར་ཁུལ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་བརྗོད་དོན་སློབ་གསོའི་འགྲེམ་སྟོན་ཁང་བཅས་སུ་སོང་ནས་རྟོག་ཞིབ་བྱས་པ་དང་། ཆབ་སྲིད་སློབ་ཁྲིད་བཟང་བོར་འཆད་པ་དང་དམངས་འཚོའི་དོན་དག་ཐག་གཅོད་བཟང་བོ་བྱེད་པ། སྟེགས་བུ་བེད་སྤྱོད་གང་ལེགས་བྱེད་པའི་ཐད་ནས་ཚང་མ་དང་བསམ་ཚུལ་བརྗེ་རེས་ཟབ་མོ་བྱས། ཁོས་ཞིབ་འཇུག་གྲུབ་འབྲས་སྔར་ལས་མང་བོ་ལོན་པ་དང་། མི་རིགས་མཐུན་སྒྲིལ་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་བརྡ་དང་ཡི་གེའི་ཁྱབ་གདལ་ཤུགས་ཚད་ཇེ་ཆེར་བཏང་ནས། རྒྱུན་ཆད་མེད་པར་རྨང་གཞིའི་སློབ་གསོའི་རྨས་གཞི་ཇེ་བརྟན་དུ་གཏོང་དགོས་ལ། གཞི་རིམ་ཏང་རྩ་འཛུགས་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས་ཏེ་སེ་འབྲུ་ལྟ་བུའི་ཁྱིམ་གཞིས་བཟང་བོར་འཛུགས་དགོས་པར་མ་ཟད། དོན་དག་ཆུང་ཆུང་ལ་བརྟེན་ནས་གཏམ་རྒྱུད་ཆེན་པོ་བརྗོད་དེ་འགྲེམ་སྟོན་བྱ་བས་ཀུན་ལ་བག་ཆགས་ཟབ་མོ་འཇོག་དགོས་ཞེས་བསྟན།

བཞུགས་མོལ་ཚོགས་འདུའི་སྟེང་། ཟི་ལིང་གྲོང་ཁྱེར་མཁར་དཀྱིལ་ཁུལ་ཤམ་བྷ་ལའི་སྡེ་ཁུལ་དང་། ཡུས་ཧྲུའུ་ཁུལ། མཚོ་ཤར་གྲོང་ཁྱེར། ཞིང་ཆེན་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བློ་མཐུན་བཅས་ཀྱིས་སྔ་གཞུག་ཏུ་གཏམ་བཤད། གཏམ་བཤད་ལ་ནན་ཏན་གྱིས་ཉན་རྗེས། ཁྲེན་ཀང་གིས་ཉེ་བའི་ལོ་འགའི་རིང་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་སེམས་ཤུགས་གཅིག་སྒྲིལ་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་བཏང་སྟེ། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཞིང་ཆེན་གསར་སྐྲུན་བྱེད་པའི་བྱ་བ་ཀུན་གྱི་མདུན་དུ་བསྐྱོད་ནས་གཞན་ལ་དཔེ་སྟོན་བྱས་ཤིང་། ཁྱད་དུ་འཕགས་པའི་གྲུབ་འབྲས་བླངས་ཡོད་ཅེས་བཤད། ཁོས་ནན་གྱིས་བསྟན་དོན། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་གསར་སྐྲུན་བྱེད་པ་ནི་ཏང་ཀྲུང་དབྱང་གིས་མཚོ་སྔོན་ལ་སྤྲད་པའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན་པས། གསར་འཛུགས་ནི་དུས་ཡུན་རིང་བོའི་བརྒྱུད་རིམ་ཞིག་ཡིན་པར་ངོས་འཛིན་ཡང་དག་བྱེད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་བརྗོད་སྙིང་འདིར་དམ་པོར་དམིགས་ཏེ། ཀྲུང་ཧྭ་མི་རིགས་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་འཛུགས་སྐྲུན་བྱེད་པ་དེ་གལ་ཆེན་ནང་གི་འགངས་ཆེན་དུ་བརྩིས་ནས། གསར་འཛུགས་ཀྱི་དམིགས་ཡུལ་དང་ཚད་གཞི། རྩ་དོན་གནད་ས་སོགས་ཡང་དག་པར་ཁོང་དུ་ཆུད་པར་བྱས་ནས། མཉམ་འཛུགས་མཉམ་བཅོས་མཉམ་སྤྱོད་བཅས་ཀྱི་རྣམ་པ་ཆགས་པར་བྱེད་དགོས། གྲོང་ཁྱེར་གྱི་མི་རིགས་བྱ་བར་དམིགས་ནས་གཅིག་འབྲེལ་གྱི་སྡེ་ཁུལ་འཛུགས་སྐྲུན་བྱེད་པ་དང་སེམས་ཤུགས་ཆེན་པོས་མང་ཚོགས་ཀྱི་དཀའ་ཁག་སེལ་བ་དང་། ཁྲིམས་ལྟར་བཅོས་སྐྱོང་བྱེད་པའི་འདུ་ཤེས་དང་ནུས་པ་མཐོར་འདེགས་བྱས་ཏེ་མཛེས་སྡུག་གི་ཁྱིམ་གཞིས་མཉམ་དུ་འཛུགས་སྐྲུན་བྱེད་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་སློབ་གསོ་བཟང་བོར་སྒྲུབ་པ་དང་། རིམ་པ་སོ་སོ་དང་རིགས་སོ་སོའི་སློབ་གྲྭ་དེ་གནད་སར་བཟུང་སྟེ། དུས་ལྟར་སློབ་མའི་བསམ་བློའི་འགྱུར་ལྡོག་ལ་རྒྱུས་ལོན་བྱེད་པ་དང་། སློབ་མར་ཡང་དག་པའི་མི་ཚེ་ལྟ་བ་དང་འཇིག་རྟེན་ལྟ་བ། རིན་ཐང་ལྟ་བ་བཅས་ཆགས་པར་ཁྲིད་སྟོན་བྱེད་དགོས། རྒྱུན་ཆད་མེད་པར་མི་རིགས་སོ་སོའི་བརྗེ་རེས་འགྲོ་འོང་མཉམ་འདྲེས་ཀྱི་ལག་ལེན་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། མཚོ་སྔོན་གྱི་ལོ་རྒྱུས་དང་རིག་གནས་སྔོག་འདོན་གང་ལེགས་བྱེད་པ། མང་ཚོགས་ཉེ་འཁོར་གྱི་གཏམ་རྒྱུད་ལེགས་པོར་བརྗོད་ནས། མི་རིགས་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འདྲིལ་ཤུགས་ཇེ་དྲག་ཏུ་གཏོང་དགོས་ཟེར།

མགོན་པོ་བཀྲ་ཤིས་ཀྱིས་བསྟན་དོན། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ནན་ཏན་གྱིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ནན་ཏན་གྱིས་ལག་ལེན་དངོས་འབེབས་བྱེད་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་བ་ཐོག་མཐའ་བར་གསུམ་དུ་དམ་འཛིན་བྱས་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་ལ་སྣང་ཚུལ་བཟང་བོ་བྱུང་ཡོད། མཚོ་སྔོན་ནི་ཀྲུང་ཧྭ་མི་རིགས་ཀྱི་འབྲེལ་འདྲིས་དང་བརྗེ་རེས་ཀྱི་ས་ཁུལ་གལ་ཆེན་ཞིག་ཡིན་ལ། ཀྲུང་ཧྭ་མི་རིགས་མཐུན་སྒྲིལ་གཅིག་གྱུར་གྱི་དམིགས་བསལ་བསྡུས་གཟུགས་ཡིན་པས། ཐུན་མིན་གྱི་ཁྱད་སྟོབས་འདོན་སྤེལ་བྱེད་པ་དང་། ཧུར་ཐག་སྒོས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་ནུས་ལྡན་ཐབས་ལམ་འཚོལ་ཞིབ་བྱས་ནས། གསར་འཛུགས་བྱ་བ་དེ་མི་གཞུང་ཅན་དང་མང་ཚོགས་ཅན། དངོས་ཕུང་ཅན་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་སྟེ། ཏང་ཀྲུང་དབྱང་ལ་ཁྱད་དུ་འཕགས་པའི་རྒྱུགས་ལན་ཅིག་སྤྲོད་དགོས་ཟེར།

པད་ཁོ་ཡིས་མགོ་འཛིན་བྱེད་སྐབས། ནན་ཏན་གྱིས་ཐེངས་འདིའི་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་ལོན་པར་བྱས་ཤིང་། དུས་ལྟར་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་ཆབ་སྲིད་ལས་འགན་ཆེན་མོ་དེར་དམ་པོར་དམིགས་པ་དང་། གནད་དོན་གྱི་ཁྲིད་ཕྱོགས་དང་དམིགས་འབེན་ཁྲིད་ཕྱོགས། མཇུག་འབྲས་ཁྲིད་ཕྱོགས། བསམ་བློའི་ངོས་ཟིན་ཡང་བསྐྱར་མཐོར་འདེགས་བྱེད་པ་དང་། འཆར་འགོད་བསམ་གཞིགས་ཐད་ནས་ཡང་བསྐྱར་ཞིབ་འཇུག་བྱེད་པ། དངོས་འབེབས་ཐད་ནས་ཡང་བསྐྱར་གནད་ལ་འཁེལ་བར་སྐུལ་འདེད་བཏང་སྟེ། བྱ་བ་སྣ་ཚོགས་དངོས་འབེབས་བྱེད་པར་འགན་སྲུང་བྱེད་དགོས་པའི་རེ་བ་བཏོན།  །

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།