ཀྲུང་གོ་བོད་ཀྱི་དྲ་བ།

ཞིང་ཆེན་རིག་གནས་ཡུལ་སྐོར་ཐིང་གིས་གཞི་རིམ་རིག་རྩལ་ཚོགས་པར་་སྐོར་སྐྱོད་སྟེགས་བུའི་རླངས་འཁོར་བཀོད་སྒྲིག་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོ།   སྤེལ་དུས། : 2023-11-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས6ཉིན་མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས་ཞིང་ཆེན་ཡོངས་ཀྱི་རབ་མཛེས་མཚོ་སྔོན་རིག་རྩལ་སྐྱ་དམག་ཚོགས་པ11དང་ཆེད་ལས་སློབ་གླིང་དང་ཚོགས་པ3ལ་སྐོར་སྐྱོད་སྟེགས་བུའི་རླངས་འཁོར་གཅིག་གྱུར་ངང་འགྲེམ་གཏོང་བྱས་པ་དང་། སྔར་ལས་ལྷག་པར་མཚོ་སྔོན་ཞིང་ཆེན་གྱི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་བཏང་སྟེ།  རིག་རྩལ་སྐྱ་དམག་གིས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ཁྱད་ཆོས་འདོན་སྤེལ་བྱེད་པ་དང་།  གཞི་རིམ་ལ་སྐོར་སྐྱོད་རིག་གནས་ཞབས་ཞུ་མཁོ་འདོན་བཅས་བྱ་རྒྱུ་རེད།   

གཞི་རིམ་ལ་སྐོར་སྐྱོད་སྟེགས་བུའི་རླངས་འཁོར་འགྲེམ་གཏོང་བྱ་རྒྱུ་ནི་མཚོ་སྔོན་ཞིང་ཆེན་གྱིས་ལག་བསྟར་བྱས་པའི་རིག་གནས་དམངས་ཕན་གྱི་བཟོ་འགོད་གལ་ཆེན་ཞིག་ཡིན་ལ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་གཞི་རིམ་གྱི་རིག་གནས་འཛུགས་སྐྱོང་དང་། རིག་རྩལ་སློབ་གླིང་དང་ཚོགས་པ་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཀྱང་རེད།   ཉེ་བའི་ལོ་འགའི་རིང་།  རིག་གནས་དང་ཡུལ་སྐོར་པུའུ་ུཡིས་རྒྱབ་སྐྱོར་ཆེན་པོའི་འོག མཚོ་སྔོན་ཞིང་ཆེན་གྱིས་རིམ་པ་སོ་སོའི་རིག་རྩལ་སློབ་གླིང་དང་ཚོགས་པ་དང་།  རྫོང་རིམ་པའི་རིག་གནས་ཁང་།  རབ་མཛེས་མཚོ་སྔོན་རིག་རྩལ་སྐྱ་དམག་རུ་ཁག་བཅས་ལ་སྐོར་སྐྱོད་སྟེགས་བུའི་རླངས་འཁོར51སྤྲད་པ་དང་།  ཧུར་ཐག་སྒོས་རིག་རྩལ་སློབ་གླིང་དང་ཚོགས་པ། རིག་གནས་ཁང་སོགས་ཀྱི་འཁྲབ་སྟོན་ཆ་རྐྱེན་ཇེ་ལེགས་སུ་གཏོང་རྒྱུར་རོགས་རམ་བྱས་ཏེ།  རིམ་པ་སོ་སོའི་རིག་རྩལ་ཚོགས་པས་དམངས་ཕན་འཁྲབ་སྟོན་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་རྒྱུར་རོགས་རམ་བྱས་པ་རེད།   དེས་ཏང་གི་དམངས་ཕྱུག་དམངས་ཕན་སྲིད་ཇུས་དྲིལ་བསྒྲགས་དང་།  སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ།  རོང་འབྲོག་ཁུལ་གྱི་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཐེ་ཚོགས་སུ་གཏོང་བ།  གཞི་རིམ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད།   

ཐེངས་འདིའི་སྐོར་སྐྱོད་སྟེགས་བུའི་རླངས་འཁོར་བཀོད་གཏོང་དང་ལེན་བྱེད་མཁན་སྡེ་ཁག14ནི་གཞི་རིམ་གྱི་སྒྱུ་རྩལ་ཚོགས་པ་ཡིན་པ་དང་། དེའི་ནང་གི་ཚོགས་པ11ནི་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས་བཙུགས་པའི་རབ་མཛེས་མཚོ་སྔོན་རིག་རྩལ་སྐྱ་དམག་ཚོགས་པ་ཡིན་པ་རེད།   ཚོགས་པ་དེ་དག་ནི་དམངས་ཁྲོད་དང་།  གཞི་རིམ།  མང་ཚོགས་བཅས་ནས་ཐོན་པ་དང་དམིགས་བསལ་གྱི་ཞབས་ཞུའི་ལེགས་ཆ་ལྡན།   ཞལ་འདེབས་ལེན་མཁན་གྱི་རིམ་པ་སོ་སོའི་རིག་གནས་ཡུལ་སྐོར་གཙོ་སྒྲུབ་སྡེ་ཁག་དང་སྒྱུ་རྩལ་འཁྲབ་སྟོན་ཚོགས་པས་བྱེད་སྒོ་འདི་གོ་སྐབས་སུ་བྱས་ཏེ། སྐོར་སྐྱོད་སྟེགས་བུའི་རླངས་འཁོར་རྣམ་གྲངས་ལག་བསྟར་བྱ་རྒྱུ་དེ་གཞི་རིམ་རིག་གནས་འཛུགས་སྐྱོང་ལ་ཤུགས་སྣོན་བྱེད་པ་དང་།  ཝུའུ་ལན་སྐྱ་མིའི་སྙིང་སྟོབས་དར་སྤེལ་གཏོང་བ།  མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་བཅས་དང་ཟུང་འབྲེལ་བྱས་ནས། སྐོར་སྐྱོད་སྟེགས་བུའི་རླངས་འཁོར་གྱི་ནུས་པ་ལེགས་ཆ་གང་ལེགས་སྤྱད་དེ། གཞི་རིམ་མང་ཚོགས་ལ་ཕུལ་བྱུང་བརྩམས་ཆོས་དེ་བས་མང་བ་དང་བསམ་པའི་ལོངས་སྤྱོད་དེ་བས་མང་བ་སྤྲད་དེ། མི་དམངས་མང་ཚོགས་ལ་དེ་བས་སྟབས་བདེ་དང་ཕན་འབྲས་ཆེ་བའི་རིག་གནས་ཞབས་ཞུ་ལོངས་སྤྱོད་ཐུབ་པར་བྱ་རྒྱུ་རེད།   །  


རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།