ཀྲུང་གོ་བོད་ཀྱི་དྲ་བ།

ཀན་སུའུ་ཞིང་ཆེན་གྱི་ཞིང་ལས་ཞིང་སྡེ་ལས་ཁུངས་ཀྱིས་ནུས་ཤུགས་ཡོད་རྒུས་ཞིང་ལས་གེགས་སེལ་ལས་དོན་སྤེལ་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2025-08-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས11ཉིན་གྱི་དགོང་མོའི་བར། ཀན་སུའུ་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིང་གིས་ལན་ཀྲོའུ་གྲོང་ཁྱེར་དང་མཉམ་དུ་ཡུས་ཀྲུང་རྫོང་གི་གནོད་འཚེ་ཕོག་པའི་ས་ཁུལ་དུ་དུག་སེལ་སྨན་རྫས་ཏུན12.7ཛ་དྲག་ངང་སྐྱེལ་འདྲེན་བྱས་པ་དང་། གློག་སྒུལ་སྨན་གཏོར་ཆས87བཀོད་སྒྲིག་བྱས་ཤིང་། གསོ་སྤེལ་ར་བ69གིས་སྨི་གྲུ་བཞི་མ་ཁྲི38.6ལ་གཙང་འཁྲུད་དུག་སེལ་བྱེད་པར་མཛུབ་ཁྲིད་བྱས་ནས། ཁ་ཚ་རིམས་ནད་དང་སྲོག་ཆགས་ཀྱི་རིམས་ནད་སོགས་ཕྱུགས་རིགས3491ལ་གནོད་འཚེ་ཐེབས་རྗེས་ཀྱི་རྒྱུན་མཐོང་གི་སྲོག་ཆགས་རིམས་འགོག་སྤེལ་བ་དང་། ཤི་ཟིན་པའི་ཕྱུགས་རིགས་ཀྱི་བམ་པོ1980གནོད་མེད་ངང་གཙང་སེལ་བྱས། འགན་བཅོལ་སྒྲིག་གཞིས་ཞལ་འདེབས་བྱས་པའི་རིམས་འགོག་དངོས་རྫས་ཚང་མ་དོན་འཁྱོལ་བྱས་པ་དང་། ཞིང་ལས་འགན་བཅོལ་གྱིས་སྐྱིན་ཚབ་སྒོར་ཁྲི183.4སྤྲད་པ་རེད། 

ལན་ཀྲོའུ་གྲོང་ཁྱེར་ཡུས་ཀྲུང་རྫོང་སོགས་ས་ཁུལ་དུ་བསྟུད་མར་ཆར་ཆུ་བབས་ནས་ཆུ་ལོག་གི་གནོད་འཚེ་བྱུང་རྗེས། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིང་གིས་འཕྲལ་དུ་གནོད་འཚེ་ཕོག་པའི་ཁུལ་དུ་ཞིང་ལས་ཀྱི་གནོད་འཚེ་གནས་ཚུལ་ལ་ལྟ་ཞིབ་བྱས་པ་དང་། ཞིང་ཆེན་དང་གྲོང་ཁྱེར། རྫོང་གི་ཞིང་ལས་ཞིང་སྡེ་སྡེ་ཁག་སྒྲིག་འཛུགས་བྱས་ཏེ། ཞིང་ལས་གནོད་འཚེ་ཉུང་གཏོང་དང་གེགས་སེལ་བྱེད་ཐབས་དོན་འཁྱོལ་བྱས། བྲེལ་མྱུར་ངང་ཉེན་སྐྱོབ་དང་གེགས་སེལ་ལས་དོན་ཚོགས་ཆུང་མངགས་ནས་ཕྱུགས་ལས་དང་ཕྱུགས་རིགས་སྨན་པ། ཞིང་ལས་འགན་བཅོལ་སོགས་ཀྱི་ཆེད་ལས་ལག་རྩལ་མི་སྣ་གནོད་འཚེ་ཕོག་ཁུལ་དུ་བཅའ་སྡོད་བྱས་ཏེ། གནོད་འཚེ་གནས་ཚུལ་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་དང་། ཕྱུགས་རིགས་སྤོ་སྒྱུར་བྱེད་པ། ཕྱུགས་རིགས་བམ་པོ་བསྡུ་ལེན་བྱས་པ་མ་ཟད་གནོད་མེད་ཐག་གཅོད་དང་། གསོ་སྤེལ་ལས་རིགས་ལ་གནོད་འཚེ་ཕོག་རྗེས་ཀྱི་རིམས་འགོག་བྱེད་པར་སྒྲིག་འཛུགས་བྱས། མིག་སྔའི་བར། ཞིང་ཆེན་ཞིང་ས་གསར་སྦོལ་ཚོགས་པ་ཀུང་སིས་ཛ་དྲག་ངང་མཐུན་སྦྱོར་བྱས་ཏེ། ཞོད་སྐྱོན་ཕོག་པའི་ཕྱུགས་རིགས344ཉེ་འགྲམ་གྱི་གཞིས་ཁང་དང་འབྲོག་རར་སྤོ་སྒྱུར་བྱས་ནས་གསོ་ཚགས་བྱས་པ་དང་། གཟན་ཆས་ཏུན4000གྲབས་གསོག་བྱས་ཏེ་གསོ་ཚགས་དུད་ཚང་གི་ཁ་ཚ་དགོས་གཏུག་གི་དགོས་མཁོ་སེལ། 

ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིང་གིས《དྲག་ཆར་དང་ཆུ་ལོག་གི་ཞོད་སྐྱོན་གྱི་གནོད་འཚེ་ལ་ཁ་གཏད་ཧུར་ཐག་བྱས་ནས་སླར་ཡང་དབུལ་པོར་འགྱུར་བ་སྔོན་འགོག་བྱེད་པའི་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་ལས་དོན་ཇུས་གཞི》པར་འགྲེམས་བྱས་ནས། ཞིང་ལས་ཞིང་སྡེ་པུའུ་ལ་སླར་ཡང་དབུལ་པོར་འགྱུར་བ་སྔོན་འགོག་གི་ལྟ་ཞིབ་ཚད་ལེན་མ་ལག་གི“ལྗང་མདོག་བགྲོད་ལམ”འཛུགས་པའི་རེ་འདུན་ཞུས་པ་དང་། དབྱེ་འབྱེད་ངོས་འཛིན་དང་གྲངས་གཞི་ནང་འཇུག་སོགས་ཇེ་མགྱོགས་སུ་བཏང་བ་རེད། གཞི་རིམ་ལས་བྱེད་པ་དང་རོགས་སྐྱོར་ལས་དོན་རུ་ཁག་སོགས་ཀྱི་སྟོབས་ཤུགས་སྒྲིག་འཛུགས་བྱས་ནས། གྲོང་ཚོ་དང་དུད་ཚང་དུ་བསྐྱོད་དེ་གནོད་འཚེ་ཕོག་པའི་ཞིང་དུད་ཀྱི་ཆ་འཕྲིན་ཞིབ་དཔྱད་བྱས་ཏེ། དུས་ཐོག་ཏུ་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་བྱ་ཡུལ་ནང་བཅུག་སྟེ་རོགས་སྐྱོར་བྱེད་ཐབས་གནད་ལ་འཁེལ་བའི་སྒོ་ནས་གཏན་འབེབས་བྱས་ནས་སྲིད་ཇུས་ཁག་དོན་འཁྱོལ་བྱ་རྒྱུར་འགན་ལེན་བྱས། 

ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིང་གིས་མང་ཚོགས་ཧུར་ཐག་གིས་སྒྲིག་འཛུགས་བྱས་ནས་ཐོན་སྐྱེད་རང་སྐྱོབ་བྱས་ཏེ། ད་དུང་ཚོང་ཟོག་རིན་ཐང་ལྡན་པའི་ས་མཐོའི་དབྱར་ཚལ་སོགས་ཞིང་ལས་ཐོན་རྫས་འཕྲོག་བསྡུ་དང་ཕྱིར་ཚོང་བྱས། འབྲས་བུ་ལེན་རྒྱུ་མེད་པའི་ས་ཞིང་དུ་མྱུར་ཏུ་གསབ་འདེབས་དང་། ལྗང་བཤེར་ལྗང་གསབ་བྱས་ནས། ཆུ་འབུད་བཙོག་འཕྲི་དང་རྩ་གསོ་སྐྱོང་ཡལ་སྲུང་བྱེད་པ།“གཏོར་ཐེངས་གཅིག་གིས་མང་པོར་སྐུལ་འདེད་གཏོང་བ”སོགས་ཀྱི་བྱེད་ཐབས་བརྒྱུད། ལོ་ཏོག་གི་རྒྱུན་ལྡན་གྱི་སྐྱེ་འཚར་སླར་གསོ་ཡོང་བར་སྐུལ་འདེད་བཏང་། ཕྱུགས་རིགས་དང་ཁྱིམ་བྱའི་ཐོན་སྐྱེད་ཁེ་ལས་དང་གསོ་སྤེལ་དུད་ཚང་འབྲེལ་མཐུད་སྒྲིག་འཛུགས་བྱས་ཏེ། ཕྱུགས་རིགས་དང་ཁྱིམ་བྱ་ཕྱིར་གཏོང་གི་མཁོ་སྤྲོད་ལ་འགན་ལེན་བྱས། འགན་བཅོལ་ལས་ཁུངས་ཀྱིས་སྟོབས་ཤུགས་ཇེ་ཆེར་གཏོང་བར་མཐུན་སྦྱོར་བྱས་ཏེ། གྱོང་གུན་གཏན་འཁེལ་བྱེད་པའི་མྱུར་ཚད་ཇེ་མགྱོགས་སུ་བཏང་སྟེ། ཞིང་ལས་ཀྱི་སྐྱིན་ཚབ་འཇལ་བའི་མ་དངུལ་གང་མགྱོགས་ངང་གྲངས་འབོར་འདང་ངེས་ཀྱིས་དངོས་འབེབས་བྱེད་པར་འགན་ལེན་བྱས། །

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།
རྩོམ་སྒྲིག་འགན་ཁུར་བ། : རྡོ་རྗེ་བསམ་འགྲུབ།