ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས9ཉིན་གསར་འགོད་པས་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ནས་ཤེས་གསལ་ལྟར་ན། ཚེས9ཉིན་གྱི་ཆུ་ཚོད18བར། ཀན་སུའུ་ཞིང་ཆེན་ལན་ཀྲོའུ་གྲོང་ཁྱེར་ཡུས་ཀྲུང་རྫོང་གི་གནོད་འཚེ་ཕོག་པའི་གྲོང་ཚོ་ཚང་མར་བགྲོད་ལམ་ཤར་གཏོང་ཐུབ་ནས་ཉེན་འགོག་འཕྲལ་བསྟུན་རོགས་སྐྱོབ་མི་སྣའི་འགྲོ་སྐྱོད་ཆ་རྐྱེན་འཛོམས་ཡོད།
ཚེས7ཉིན་ནས་བཟུང་ཡུས་ཀྲུང་རྫོང་སོགས་སུ་བསྟུད་མར་ཆར་ཆུ་བབས་ནས་ཆུ་ལོག་གི་གནོད་འཚེ་བྱུང་སྟེ། སྤྱི་ལེ102.2ཡོད་པའི་གཞུང་ལམ51ལ་གནོད་སྐྱོན་ཕོག་ནས་བཀག་ཡོད་པ་རེད། འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཚན་གྱིས་བཀོད་གཏོང་མཛུབ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས། ཀན་སུའུ་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཚན་གྱིས་གནམ་གཤིས་ཐལ་དྲགས་པའི་རང་འགུལ་འགོག་སྲུང་བྱེད་ཐབས་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་། ཀན་སུའུ་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཚན་གྱིས་འཕྲལ་མར་འཕྲལ་བསྟུན་ཉེན་སྐྱོབ་ལས་དོན་སྤེལ་ནས་འཕྲལ་བསྟུན་མི་སྣ670ལྷག་དང་སྒྲིག་ཆས130ལྷག་སྒྲིག་འཛུགས་བྱས་ནས། ཡུལ་དངོས་སུ་བསྐྱོད་དེ་ནུས་ཤུགས་ཡོད་རྒུས་ཤར་གཏོང་གི་་ལས་དོན་སྒྲུབ། ཚེས8ཉིན་གྱི་དགོང་མོར། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡིས་ལས་དོན་ཚོགས་ཆུང་དང་ཆེད་མཁས་པའི་ཚོགས་ཆུང་ཡུལ་དངོས་སུ་འབྱོར་ནས་གནོད་འཚེའི་གནས་ཚུལ་ལ་ལྟ་ཞིབ་བྱས་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་ཇུས་གཞི་བཟོས་ཏེ། གནོད་འཚེ་ཕོག་ཁུལ་གྱི་གཞུང་ལམ་ཤར་གཏོང་དང་སླར་གསོ་བསྐྱར་སྐྲུན་ལས་དོན་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས། མིག་སྔར་གཞུང་ལམ་ཤར་གཏོང་ལས་དོན་སྔར་བཞིན་ཛ་དྲག་ངང་སྒྲུབ་བཞིན་ཡོད།
འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ཚེས8ཉིན་གྱི་དགོང་མོ་དང་ཚེས9ཉིན་གྱི་སྔ་དྲོར། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡི་འབྲེལ་ཡོད་འགན་འཁུར་བས་ཡུལ་དངོས་ཀྱི་མི་སྣ་དང་བརྙན་ལམ་འབྲེལ་མཐུད་བྱས་ཏེ། ནུས་ཤུགས་ཡོད་རྒུས་གཞུང་ལམ་ཤར་གཏོང་བྱེད་པ་དང་འཕྲལ་བསྟུན་སྐྱེལ་འདྲེན་ལ་འགན་ལེན་ཡག་པོ་བྱེད་པ། ས་གནས་དེ་གའི་སྲིད་གཞུང་སྡེ་ཁག་ལ་རོགས་རམ་བྱས་ཏེ་མི་སྣ་འཚོལ་སྐྱོབ་དང་སྤོ་སྒྱུར་བཀོད་སྒྲིག་བྱེད་པ་སོགས་ཀྱི་ལས་དོན་སྤེལ་ནས། གནོད་འཚེ་བསྐྱར་ཐོན་སྔོན་འགོག་ནན་པོ་བྱེད་དགོས་པའི་བླང་བྱ་བཏོན། ནོར་སྲིད་པུའུ་དང་མཉམ་དུ་མགྱོགས་མྱུར་ཞིབ་དཔྱད་གཏོང་སྤྲོད་ལམ་སྲོལ་ལག་བསྟར་བྱས་ཏེ། གཞུང་ལམ་འཕྲལ་བསྟུན་ཤར་གཏོང་གི་ཁ་གསབ་མ་དངུལ་སྔོན་ལ་བཏང་ནས། ཉེན་འགོག་ཤར་གཏོང་འགན་ལེན་གྱི་ལས་དོན་ལ་རྒྱབ་སྐྱོར་བྱས། ཚེས9ཉིན་གྱི་ཆུ་ཚོད7པར། ས་གནས་དེ་གའི་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཚན་གྱིས་མ་ལན་ཐན་དང་ཧྲང་ཀྲོང་། ཅིའུ་ཀྲོང་ཀུའུ། ཧུང་ཀྲོང་ཙི། དབྱང་ཝ་སོགས་གནོད་འཚེ་ཚབས་ཆེན་ཕོག་པའི་གྲོང་ཚོའི་བགྲོད་ལམ་ཕྱོགས་ཡོངས་ནས་ཞིག་གསོ་བྱས་ནས་སྒྲིག་ཆས་ཆེ་གྲས་དང་དངོས་ཟོག་སྐྱེལ་འདྲེན་བྱེད་པའི་ཆ་རྐྱེན་བསྐྲུན་པས། མེ་གསོད་རོགས་སྐྱོབ་མི་སྣས་འཚོལ་སྐྱོབ་བྱ་རྒྱུར་འགན་ལེན་བྱས།
འགན་འཁུར་བ་དེས་བསྟན་དོན། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡིས་ས་གནས་དེ་གའི་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཚན་ལ་གཞུང་ལམ་ཤར་གཏོང་དང་གནོད་འཚེ་ཕོག་རྗེས་ཀྱི་བསྐྱར་སྐྲུན་ལས་དོན་སྤེལ་རྒྱུར་མུ་མཐུད་དུ་མཛུབ་ཁྲིད་བྱ་རྒྱུ་དང་། སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཚན་ལ་གཞོགས་འདེགས་བྱས་ནས་འགྲིམ་འགྲུལ་སྒྲིག་ལམ་རྒྱུན་འཁྱོངས་བྱ་རྒྱུར་བྱས་ཏེ། རོགས་སྐྱོབ་རླངས་འཁོར་མགྱོགས་མྱུར་ངང་འགྲོ་སྐྱོད་བྱེད་པར་ཞབས་འདེགས་ཞུ་རྒྱུ་དང་འགན་ལེན་བྱས་ནས། ཉེན་སྐྱོབ་དང་གེགས་སེལ་གྱི་ཚེ་སྲོག་བགྲོད་ལམ་དང་དངོས་ཟོག་སྐྱེལ་འདྲེན་བགྲོད་ལམ་བདེ་འཇགས་ངང་ཤར་གཏོང་ཐུབ་རྒྱུའི་འགན་ལེན་བྱ་རྒྱུ་ཡིན། དེ་དང་ཆབས་ཅིག ཆར་ཆུ་འབབ་པ་སོགས་གནམ་གཤིས་ཐལ་དྲགས་པའི་ཤུགས་རྐྱེན་ཐེབས་པའི་ཞིང་ཆེན་ལ་བརྙན་ལམ་ནས་མུ་མཐུད་དུ་བཀོད་གཏོང་བྱས་ཏེ། མངོན་མེད་རྐྱེན་ངན་ཞིབ་བཤེར་བཅོས་སྒྲིག་ལ་ཤུགས་སྣོན་བརྒྱབ་སྟེ། རང་འགུལ་གྱི་འགོག་སྲུང་བྱེད་ཐབས་སྔ་མོ་ནས་སྤྱོད་རྒྱུར་སྐུལ་འདེད་གཏོང་བ་དང་། ཐལ་དྲགས་པའི་གནམ་གཤིས་སྔོན་འགོག་དང་དེར་ཁ་གཏད་གཅོག་པའི་ལས་དོན་ནུས་ཤུགས་ཡོད་རྒུས་ལེགས་པོར་བསྒྲུབ་རྒྱུ་ཡིན། །